ཟླ་བ་ ༡༠ ཚེས ༡༡ ༢༠༡༩
Published By ngawang thokmey

༢༠༡༩ ཟླ་ ༡༠ ཚེས་ ༡༡ རེས་གཟའ་པ་སངས།

༄༅། །ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན།  རྒྱ་ནག་གི་སྲིད་འཛིན་བལ་ཡུལ་དུ་རྒྱལ་དོན་འཚམས་གཟིགས་ཕེབས་ལ་ཉེ་བའི་སྐབས་སུ་བལ་ཡུལ་གཞུང་གིས་རྒྱལ་ནང་གི་བོད་མི་བཙན་བྱོལ་བའི་ཐོག་དམ་དྲག་ཇེ་ཆེར་བཏང་འདུག
རྒྱ་ནག་གི་སྲིད་འཛིན་ཞེ་ཅིང་པིང་ཟླ་བ་འདིའི་ཚེས་༡༣་ཉིན་གཉིས་ཀྱི་རིང་བལ་ཡུལ་དུ་རྒྱལ་དོན་འཚམས་གཟིགས་ལ་ཕེབས་གཏན་འཁེལ་ཡོད་པའི་སྐབས་འདིར། བལ་ཡུལ་གཞུང་གིས་ཡུལ་དེའི་ནང་ཡོད་པའི་བཙན་བྱོལ་བོད་མི་ཚོའི་ཐོག་དམ་དྲག་ཇེ་ཆེར་བཏང་ཡོད་པ་དང་། ས་གནས་གང་སར་ཉེན་རྟོག་པ་དང་གསང་བའི་མི་སྣ་དཀྲམ་པའི་ཐོག་བལ་ཡུལ་ནང་ཉིན་ཤས་སྔོན་ལ་བོད་མི་འགའ་ཤས་འཛིན་བཟུང་བཀག་ཉར་གྱིས་འདྲི་རྩད་བྱས་རྗེས་གློད་བཀྲོལ་བཏང་ཡོད། བལ་ཡུལ་ནང་གཏན་སྡོད་བྱེད་མཁན་མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་འགྲེལ་བརྗོད་གནང་བར་གཞིགས་ན། བལ་ཡུལ་གཞུང་ནས་བལ་ཡུལ་ནང་གནས་སྡོད་བྱེད་མཁན་བོད་མི་དེ་སྔ་ངོ་རྒོལ་སྐད་འབོད་སོགས་ལ་ཞུགས་མྱོང་མཁན་མང་པོ་ཞིག་ལ་དོགས་ཟོན་བྱེད་ཀྱི་ཡོད་པ་དང་། བོད་མི་ཚོས་ངོ་རྒོལ་ལས་འགུལ་རིགས་སྤེལ་འཆར་ཡོད་པ་ར་སྤྲོད་བྱུང་ན་འཛིན་བཟུང་བཙོན་འཇུག་བྱེད་རྒྱུ་ཡིན་པ་བལ་ཡུལ་ཕྱི་སྲིད་ལས་ཁང་ནས་གསང་བའི་བཀོད་ཁྱབ་བཏང་ཡོད་པ་མ་ཟད། དམག་མི་མང་པོ་འགྲེམས་འཇོག་གིས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་བརྗོད་གནང་གི་འདུག
དེ་བཞིན་བལ་ཡུལ་དང་རྒྱ་ནག་གཉིས་བར་ཕན་ཚུན་དོགས་ཡོད་ཉེས་ཅན་རྩིས་སྤྲོད་བྱེད་རྒྱུའི་གྲོས་ཆོད་འཇོག་སྲིད་པ་བལ་ཡུལ་གྱི་གསར་ལམ་ཁག་ནང་ཐོན་བཞིན་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། དེ་ནི་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དགོས་མཁོ་ལས་བལ་ཡུལ་གཞུང་ལ་ཁེ་ཕན་གང་ཡང་མེད་པ་དང་། རྒྱ་ནག་གཞུང་ནས་དེ་སྔོན་ནས་ཆིངས་ཡིག་དེ་འདྲ་ཞིག་འཇོག་རྒྱུའི་ཐོག་ལ་བལ་ཡུལ་གཞུང་དང་གྲོས་བསྡུར་གནང་མུས་ལ་སོང་། གལ་ཏེ་རྒྱ་ནག་གི་གནོན་ཤུགས་འོག་གྲོས་ཆོད་དེ་འདྲ་ཞིག་བཞག་པ་ཡིན་ན། བལ་ཡུལ་ནང་གི་བཙན་བྱོལ་བོད་མི་ཚོའི་ཐོག་ཆབ་སྲིད་ཀྱི་གནས་སྟངས་ཛ་དྲག་ཏུ་འགྲོ་སྲིད་པའི་བློ་ཚབ་ཡོད་པ་འགྲེལ་བརྗོད་གནང་གི་འདུག
དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་ཀྱིས། རྒྱ་ནག་གི་དཔལ་འབྱོར་གྱི་བསླུ་བྲིད་དང་གནོན་ཤུགས་འོག་བལ་ཡུལ་དང་མཉམ་ཆིངས་ཡིག་དེ་འདྲ་ཞིག་བཞག་པ་ཡིན་ན། དེས་བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་བདེ་འཇགས་ལ་ཉེན་ཁ་ཡོད་པ་འགྲེལ་བརྗོད་གནང་གིས་འདུག

Share with your friends










Submit