ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དཱི་མཆོག་སྐུ་འཁྲུངས་ནས་མི་ལོ་ ༡༥༠ འཁོར་བའི་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་པ་དང་སྦྲགས། དེ་ཡང་བཀའ་ཤག་གི་མདུན་ཐང་དུ་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ནས་རྒྱ་གར་རྒྱལ་གླུ་ཕུལ་འདུག དེ་རྗེས་རྒྱ་གར་རྒྱལ་ཡོངས་སུ་བོད་མི་བཙན་བྱོལ་བ་རྣམས་ཀྱིས་ཉིན་རྒྱ་དུས་གཅིག་ཏུ་གཙང་བཟོའི་ལས་འགུལ་རྒྱ་ཆེ་སྤེལ་བ་དང་། དེ་ཡང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་འགན་ཁུར་རྐང་བཞེས་ཐོག་དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག གངས་སྐྱིད་སིལ་པོལ་རྩེད་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ་དབུ་བཞུགས་ཐོག འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ལས་འགུལ་ངོ་སྤྲོད་གནང་བ་དང་སྦྲགས། འདི་ལོར་འཕྲོད་བསྟེན་ལས་ཁུངས་ཀྱིས་ཁོར་ཡུག་གཙང་བཟོའི་ལས་དོན་དམིགས་ས་གཙོ་བོ་འགྱིག་སྣོད་བཀོལ་སྤྱོད་བྱ་རྒྱུ་མཚམས་འཇོག་ཡོང་ཐབས་དང་། མེས་པོ་དམ་པ་གྷན་དཱི་མཆོག་གིས་འཚེ་མེད་ཞི་བའི་ལྟ་གྲུབ་ལག་བསྟར་རྒྱ་གང་ཆེ་ཡོང་ཐབས་ཆེད་འབད་བརྩོན་བྱ་རྒྱུ་སོགས་ངོ་སྤྲོད་གནང་འདུག
སྲིད་སྐྱོང་མཆོག་ནས་ཀྱང་གཙང་བཟོའི་ལས་འགུལ་སྤེལ་དགོས་པའི་དགོས་དམིགས་སོགས་ངོ་སྤྲོད་གནང་བ་དང་སྦྲགས། བདག་ཉིད་ཆེན་པོ་གྷན་དཱི་མཆོག་གི་འཚེ་མེད་ཞི་བའི་ལྟ་གྲུབ་ནི་དེང་སྐབས་འཛམ་གླིང་ནང་དགོས་མཁོ་ཧ་ཅང་ཡོད་པ་དང་། ལྷག་པར་བོད་མིའི་མགོན་དཔུང་དམ་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བ་གོང་འཕེལ་གཏོང་གནང་མཛད་རྒྱུའི་རླབས་ཆེན་གྱི་མཛད་ཁུར་སྐོར་དང་། དེང་སྐབས་རྒྱལ་སྤྱིའི་ནང་གཞོན་སྐྱེས་ཁོར་ཡུག་སྲུང་སྐྱོབ་པ་གྲགས་ཅན་སུ་ཝི་ཌེན་ཡུལ་གྱི་བུ་མོ་གྷྲེ་ཊ་ཐུན་བྷག་ Greta Thunberg ལགས་ལ་བསྔགས་བརྗོད་རྒྱ་ཆེ་གནང་འདུག
སྐབས་དེར་མེས་དབོན་དཔེ་སྟོན་གཙུག་སློབ་གྲྭའི་སློབ་ཕྲུག་ཚོས་ཁོར་ཡུག་སྲུང་སྐྱོབ་གལ་གནད་ཆེ་བའི་གཏམ་བརྗོད་ཐུང་ངུ་ཞིག་འཁྲབ་རྗེས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཁོར་ཡུག་གཙང་བཟོའི་དྲིལ་བསྒྲགས་ཀྱི་སྟོད་ཐུང་རེ་རིན་མེད་འགྲེམས་སྤེལ་གནང་རྗེས་གངས་སྐྱིད་ལྷན་ཁང་ཁག་གི་ལས་བྱེད་རྣམས་ཀྱིས་གངས་སྐྱིད་ཉེ་འཁོར་དུ་གཙང་བཟོའི་ལས་འགུལ་སྤེལ་འདུག་པ་བཅས། །