ཟླ་བ་ ༡༠ ཚེས ༨ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༨ རེས་གཟའ་མིག་དམར། 

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༧ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་རྡ་ས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་སིལ་སྤོལ་རྩེད་འགྲན་མཐའ་མའི་མཇུག་བསྡོམས་མཛད་སྒོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་དོན། དམིགས་བསལ་སྐུ་མགྲོན་གཞོན་ནུའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དང་། དབུས་རྒྱུན་རྣམ་པ། ས་གནས་ཚོགས་གཙོ་དབུས་པའི་ཚོགས་མི་རྣམ་པ། འདིར་ཕེབས་པའི་གཟིགས་མོ་བ་བཅས་ཚང་མར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཁ་སང་དེའི་སྔོན་ལ་མགྲོན་ཤོག་འབྱོར་སྐབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༤༩ འཁོར་བའི་མཛད་སྒོ་ཡིན་ཞེས་གསལ་མི་འདུག རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་རྗེས་དྲན་ཆེད་དུ་སིལ་སྤོལ་འགྲན་བསྡུར་གྱི་མཇུག་བསྡོམས་དང་། འཕྲོད་བསྟེན་ཆེད་དུ་སྐད་ཆ་ཤོད་རོགས་ཟེར་འདུག དེ་རིང་འདིར་འབྱོར་ཚར་བའི་རྗེས་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༤༩ འཁོར་བའི་ཉིན་མོ་གཅིག་ཡིན་པ་དང་། བོད་ཀྱི་དཔའ་བོ་དཔའ་མོའི་རྗེས་དྲན་ཆེད་དུ་སིལ་སྤོལ་གོ་སྒྲིག་གནང་བཞག་པ་དེ་འདྲ་ཡིན་ས་རེད། ངས་སྐད་ཆ་མང་པོ་བཤད་རྒྱུ་མིན། དེ་རིང་འདིར་ཕེབས་མཁན་ཚང་མ་གཟིགས་མོ་གཟིགས་པར་ཕེབས་པ་མ་གཏོགས། ངའི་སྐད་ཆ་ཉན་པར་ཕལ་ཆེར་ཕེབས་ཡོད་མ་རེད།

རྩ་བའི་རང་ཉིད་ལྟ་བུར་ཆ་མཚོན་ན། མི་ཚེ་ཆ་ཚང་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདིའི་ནང་ཞུགས་མ་མྱོང་མཁན་ཞིག་རེད། ཡིན་ནའང་ཕྱི་ལོ་ ༡༩༧༠ ཟླ་ ༡༠ ཚེས་ ༧ ཉིན་དེར་ཐོག་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཟེར་བ་དེ་གསར་འཛུགས་གནང་བ་རེད། དེ་ནས་བོད་རིགས་གཞོན་ནུ་ལྷན་ཚོགས་ཟེར་བ་དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་བསྒྱུར་བ་རེད། ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་གཞུང་འབྲེལ་མིན་པའི་ཚོགས་པ་ཇི་སྙེད་ཅིག་ཡོད་པའི་ནང་ནས་ཚོགས་པ་རྒྱ་ཆེ་ཤོས་ཤིག་དང་། གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་རེད། དེ་འདྲ་ཡིན་ཙང་། ད་ལྟ་ཁྱེད་རང་ཚོའི་གཞོན་ནུའི་མཐུན་གཞས་ནང་གང་གསལ་བ་དེ་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡིན་ཕྱིན་ཆད་ལ་དེའི་ནང་དོན་གང་ཡིན་པ་གསལ་པོ་མཁྱེན་པ་གནང་དགོས་རྒྱུ་གལ་ཆེན་པོ་རེད། དེའི་ནང་རང་དབང་འཐབ་རྩོད་ཀྱི་དོན་དག་ཡིན་ནའང་རེད། མཐུན་སྒྲིལ་ཐོག་ལ་ཡིན་ནའང་རེད། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་ཕེབས་ཀྱི་ཡིན་ཞེས་པ་ལ་སོགས་དེ་འདྲ་མང་པོ་ཞིག་འདུག དེ་འདྲ་ཡིན་ཙང་། དེ་ཚོའི་ཐོག་ལ་མཐུན་གཞས་བཏང་བ་ཙམ་མ་ཡིན་པར། དེའི་ནང་དོན་རྟོགས་ནས་དེ་ནང་བཞིན་ཞིག་ཡོང་བ་བྱེད་རྒྱུར་འབད་བརྩོན་གནང་དགོས་པ་གལ་ཆེན་པོ་རེད།

ངར་མཐུན་སྒྲིལ་ཆེད་དུ་སྐད་ཆ་ཤོད་དགོས་རེད་གསུངས་འདུག གང་བྱས་ང་ཚོ་བོད་མི་རྒན་གཞོན་བར་གསུམ་སུ་འདྲ་ཞིག་ཡིན་ནའང་། ནང་མཐུན་པ་བྱུང་ན་བཀྲ་ཤིས་པ་ཡོང་གི་རེད། ནང་མ་མཐུན་པ་བྱུང་ན་བཀྲ་མ་ཤིས་པ་ཡོང་གི་རེད། དེ་འདྲ་སོང་ཙང་ང་ཚོས་གདམ་ཁ་བྱེད་རྒྱུ་རེད། བཀྲ་ཤིས་པ་ཞིག་དགོས་ཀྱི་ཡོད་དམ། བཀྲ་མ་ཤིས་པ་ཞིག་དགོས་ཀྱི་ཡོད། ང་རང་ཚོ་ཚང་མ་ལོགས་ནང་མཐུན་པ་ཡོང་དགོས་པ་དེ་གལ་ཆེན་པོ་རེད། ང་ཚོའི་ཁ་གཏད་དེ་རྒྱ་ནག་དམར་པོའི་སྲིད་གཞུང་རེད། ང་རང་ཚོ་ཚང་མ་ལོགས་ལངས་ཕྱོགས་གང་འདྲ་ཞིག་འཛིན་གྱི་ཡོད་རུང་། ཁ་གཏད་ཟེར་ནའང་རེད། ལྡིར་ས་དེ་ཕ་རོལ་པོ་ང་རང་ཚོའི་རྒྱལ་ཁབ་བཙན་བཟུང་བྱེད་མཁན་དེ་རེད་མ་གཏོགས། ང་རང་ཚོ་ནང་ཁུལ་མ་འཆམ་པ་དང་། མ་མཐུན་པ་བཟོས་ནས་བསྡད་པ་ཡིན་ན། རྩ་དོན་ལ་གནོད་ཀྱི་རེད། མཐུན་སྒྲིལ་ལ་གནོད་ཀྱི་རེད། གང་བྱས་དོན་ལ་ཕན་ཐོགས་གང་ཡང་མེད་པ་མ་ཟད། སོ་སོའི་དུས་ཚོད་ཀྱང་ཆུད་ཟོས་འགྲོ་གི་རེད། དེང་སང་སྤྱི་ཚོགས་དྲ་ལམ་ཁག་ནང་ལ་ནང་མ་མཐུན་པའི་གནས་ཚུལ་མང་པོ་ཞིག་བཟོས་ཡོང་གི་འདུག དེ་རང་ཉིད་ཀྱི་དུས་ཚོད་ཆུད་ཟོས་འགྲོ་གི་ཡོད་ལ། བོད་སྤྱི་པའི་རྩ་དོན་ཐོག་ལའང་ཕན་ཐོགས་ཀྱི་ཡོད་མ་རེད། དེ་ཚོའི་ཐོག་ལ་དགོངས་པ་བཞེས་གནང་དགོས་པ་གལ་ཆེན་པོ་རེད།

དེ་རིང་འདིར་སིལ་སྤོལ་གོ་སྒྲིག་གནང་བ་རེད། གང་བྱས་རྩེད་མོ་དེ་ལུས་པོའི་འཕྲོད་བསྟེན་ཆེད་དུ་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་རེད། དེ་ཚོའི་རིགས་དེ་དུས་ཚོད་ངེས་ཅན་རེ་རེའི་ནང་ཡོད་པ་ཙམ་མ་ཡིན་པར། དུས་ནས་དུས་སུ་གོ་སྒྲིག་གནང་དགོས་པ་གལ་ཆེན་པོ་རེད། དེ་རིང་ས་གནས་གཞོན་ནུ་ལྷན་ཚོགས་ནས་འདི་འདྲ་ཞིག་གོ་སྒྲིག་ཞུས་པར་བསྔགས་བརྗོད་ཞུ་གི་ཡིན། མ་འོངས་པར་ལོ་འཁོར་མོ་གཅིག་ནང་ཐེངས་མ་གཅིག་གཉིས་མ་ཡིན་པར། ཡང་ནས་ཡང་དུ་དེ་འདྲ་བྱུང་བ་ཡིན་ན། ནང་མཐུན་སྒྲིལ་བྱེད་རྒྱུར་ཕན་ཐོགས་ཡོད་པ་དང་། ལུས་པོའི་འཕྲོད་བསྟེན་ལའང་ཕན་ཐོགས་ཡོད་རེད། ང་རང་ཚོ་བོད་པ་ཚོ་རྩེད་མོར་དགའ་པོ་ཞེ་དྲག་རེད། དེ་ཚོའི་ཐོག་ནས་འཛོམས་འཛོམས་བྱེད་རྒྱུ་སོགས་ལའང་ཕན་ཐོགས་ཀྱི་རེད། ཁྱེད་རང་ཚོ་གོ་སྒྲིག་གནང་མཁན་ཚོར་དེ་འདྲ་བ་ཞིག་གོ་སྒྲིག་གནང་རྒྱུར་ལས་སླ་པོ་ཡོད་མ་རེད། དེ་དང་འབྲེལ་བའི་ཕྱག་ལས་མང་པོ་ཞིག་ཡོད་རེད། སིལ་སྤོལ་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་གནང་ཡོད།

དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་། དམིགས་བསལ་སྐུ་མགྲོན་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་རྣམ་གཉིས་ནས་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༤༩ འཁོར་བ་སྲུང་བརྩིའི་སླད་མངར་ཟས་བཏུབ་གནང་རྗེས། དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་གསུང་བཤད་གནང་བ་དང་། དེ་རྗེས། དེ་རིང་མཐའ་མའི་འགྲན་རྩོད་པ་ས་རཱ་བོད་ཀྱི་མཐོ་སློབ་རུ་ཁག་དང་། དབུས་བོད་ཀྱི་སྨན་རྩིས་ཁང་རུ་ཁག་གཉིས་དབར་རྩེད་འགྲན་གནང་སྟེ། ས་རཱ་བོད་ཀྱི་མཐོ་སློབ་རུ་ཁག་ལ་ཨང་ ༤༡ ཐོབ་པ་དང་། དབུས་བོད་ཀྱི་སྨན་རྩིས་ཁང་རུ་ཁག་ལ་ཨང་ ༥༥ ཐོབ་སྟེ། དབུས་བོད་ཀྱི་སྨན་རྩིས་ཁང་རུ་ཁག་གིས་རྒྱལ་ཁ་བླངས་ཡོད་པ་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་རྒྱལ་ཁ་ཐོབ་མཁན་རུ་ཁག་ལ་བྱ་དགའ་གནང་སོང་།

སྤྱིར་བོད་ཀྱི་དཔའ་བོ་དཔའ་མོའི་རྗེས་དྲན་སིལ་སྤོལ་འགྲན་བསྡུར་སྐབས་ ༡༨ པ་དེ་ཕྱི་ཟླ་ ༩ ཚེས་ ༢༢ ནས་འགོ་འཛུགས་གནང་ཞིང་། འགྲན་བསྡུར་ཐོག་རུ་ཁག་མི་འདྲ་བ་ ༡༠ ཡི་དབར་རྩེད་འགྲན་གནང་བ་ཞིག་ཡིན་འདུག་པ་བཅས།།

Share with your friends










Submit