ཟླ་བ་ ༡༠ ཚེས ༡༡ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༡ རེས་གཟའ་པ་སངས། 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༠ རེས་གཟའ་ཕུར་བུའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་རྒྱ་གར་བྱང་ཕྱོགས་པཎ་ཇབ་མངའ་སྡེའི་ཨ་ནྣཏ་པུར་ས་ཧིབ་དུ་ཡོད་པའི་ Anandpur Sahib Gurudwara སིག་ལྷ་ཁང་གུ་རུ་དྷ་ཝར་དུ་སིག་ཆོས་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་གུ་རུ་ནཱ་ནག་ Guru Nanak Dev དམ་པ་མཆོག་འཁྲུངས་ནས་ལོ་ངོ་ ༥༥༠ འཁོར་བའི་རྗེས་དྲན་གྱི་མཛད་སྒོར་ལྷན་ཞུགས་གནང་ཡོད། 

དེ་ཡང་འཁྲུངས་སྐར་རྗེས་དྲན་གྱི་མཛད་སྒོར་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་། ཨ་ནྣཏ་པུར་ས་ཧིབ་སིག་ལྷ་ཁང་ལྟ་རྟོགས་ཚོགས་པའི་ཚོགས་གཙོ་སོགས་ཚོགས་པ་ཁག་འདྲ་མིན་གྱི་སྐུ་ཚབ་ཕེབས་ཡོད།

སྐབས་དེར་དཔལ་འབྱོར་བཀའ་བློན་མཆོག་གིས་གུ་རུ་ནཱ་ནག་དམ་པ་མཆོག་གིས་ཆོས་ཕྱོགས་ཀྱི་མཛད་པ་རྒྱ་ཆེའི་སྤེལ་བའི་གྲུབ་འབྲས་ཇི་ལྟར་ཐོན་ཡོད་སྐོར་དང་། དེ་བཞིན་རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་དོན་དང་བོད་མི་སླད་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད། 

ཕྱོགས་མཚུངས་བཀའ་བློན་མཆོག་རྒྱ་གར་བྱང་ཕྱོགས་་པཎ་ཇབ་མངའ་སྡེའི་ནང་གཞུང་འབྲེལ་ཕྱོགས་ཕེབས་དང་བསྟུན། འབབ་ཁྲལ་ལས་ཁུངས་ཀྱི་ཟུང་སྦྲེལ་འགན་འཛིན་ Joint Commissioner of Income Tax སྐུ་ཞབས་ར་ཇེཤ་མ་ཧ་ཇན་ལགས་དང་། འགན་འཛིན་ Additional commissioner ལྕམ་ལ་གྷན་པྲིཏ་སན་དུ་ལགས་དང་ཐུག་འཕྲད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་རིག་གཞུང་དང་། སྤྱི་ཚོགས། དཔལ་འབྱོར་བདེ་དོན་དང་འབྲེལ་ལས་གཞི་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད་འདུག་པ་བཅས། །

 

Share with your friends










Submit