ཟླ་བ་ ༡༠ ཚེས ༩ ༢༠༡༩
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༩ རེས་གཟའ་ལྷག་པ།

 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༩ རེས་གཟའ་ལྷག་པ་ཉིན་ཇོ་ནང་བསྟན་པའི་གཙུག་རྒྱན། ངེས་དོན་བསྟན་པའི་རྒྱལ་ཚབ་མཁན་སྤྲུལ་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་སྣང་བ་མཆོག་ཇོ་ནང་རྒྱལ་ཚབ་སྐབས་གཉིས་པའི་ཁྲི་འདོན་མངའ་གསོལ་གྱི་རྟེན་འབྲེལ་མཛད་སྒོ་རྡ་ས་ནོར་གླིང་ཇོ་ནང་དུས་འཁོར་སྦྱོར་དྲུག་སྒོམ་གྲྭ་ཆོས་འཁོར་གླིང་དུ་ཚུགས་གནང་ཡོད་པ་རེད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཚུ་ཆོད་ ༡༠ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་སྐུ་ཚབ་ཀྱིས་གཙོས་གལ་ཆེའི་མི་སྣ་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། སེར་སྐྱ་ཡོངས་ཚོགས་ཁང་དུ་འཛོམས་རྗེས་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཁན་སྤྲུལ་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་སྣང་བ་མཆོག་དུང་རྒྱ་སྤོས་སྣེས་གདན་ཞུས་ཀྱིས་ཚོགས་ཁང་དུ་༸ཞབས་སོར་འཁོད་མཚམས་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཁན་སྤྲུལ་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་སྣང་བ་མཆོག་དང་། སྐུ་མགྲོན་གཙོ་བོ་མཆོག་དང་དམིགས་བསལ་སྐུ་མགྲོན་མཆོག་བཅས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་དང་སྣང་གསལ་མར་མེ་ཞལ་ཕྱེ་གནང་གྲུབ་མཚམས། རྟེན་འབྲེལ་མཚོན་བྱེད་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས་ཡོད།

དེ་ནས་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་དང་ཁྲི་སྟོན་བརྟན་བཞུགས་ཚོགས་ཆུང་གི་ཚོགས་གཙོ་བླ་མ་ཚུལ་ཁྲིམས་བཟང་པོ་མཆོག་གིས་བོད་སྐད་དང་སློབ་སྟོན་པ་བླ་མ་ཡོན་ཏན་རྒྱ་མཚོ་མཆོག་གིས་ཨིན་སྐད་ཐོག་མཛད་སྒོ་ངོ་སྤྲོད་གནང་རྗེས་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཇོ་ནང་རྒྱལ་ཚབ་སྐབས་གཉིས་པ་ངག་དབང་ཆོས་ཀྱི་སྣང་བའི་ཁྲི་འདོན་མཛད་སྒོའི་དྲན་རྟེན་དབུ་འབྱེད་གནང་གྲུབ་བསྟུན། མཎྜལ་གྱི་ཆོ་ག་དབུ་འཛུགས་གནང་སྟེ། སྐུ་མགྲོན་གཙོ་བོ་མཆོག་དང་དམིགས་བསལ་སྐུ་མགྲོན་མཆོག་བཅས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། ཇོ་ནང་རྒྱལ་ཚབ་ཁྲི་སྟོན་ཚོགས་ཆུང་གིས་ཀུན་མཁྱེན་དོལ་པོ་པའི་སྐུ་དང་། རྗེ་བཙུན་ཏཱ་ར་ནཱ་ཐའི་སྐུ། བཀྲ་ཤིས་རྟགས་བརྒྱད། རིན་ཆེན་སྣ་བདུན། ན་བཟའ། འབྲུ་རིགས་སྣ་ལྔ་སོགས་འབུལ་ཏེ་དགོན་པ་ཁག་དང་ཚོགས་པ་ཁག་ནས་མཎྜལ་རྟེན་གསུམ་འབུལ་བ་དང་སྐུ་མགྲོན་རྣམས་ལ་མཇལ་ཁ་གནང་།

དེ་ནས་སིམ་ལ་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་གི་མཁན་སྤྲུལ་སྐྱབས་རྗེ་ཀུན་དགའ་ཆོས་འཕེལ་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་སྒྲོགས་སྦྱང་ཞུས་གྲུབ་མཚམས་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་སྐུ་ཚབ་རྣམས་ནས་གསུང་བཤད་གནང་རྗེས་དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དང་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཁན་སྤྲུལ་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་སྣང་བ་མཆོག་བཅས་ནས་གསུང་བཤད་གནང་གྲུབ་རྗེས་ཕྱི་སྡོད་ཇོ་ནང་ཐེབས་རྩ་ཚོགས་པའི་ཚོགས་གཙོ་ནས་ཐེངས་འདིའི་ཁྲི་སྟོན་མཛད་སྒོར་མཐུན་འགྱུར་རོགས་རམ་གནང་མཁན་ཁག་གཅིག་ལ་ཐུགས་རྗེ་ཆེ་ཞུའི་ལེགས་སྐྱེས་གནང་།

མཐར་ཁྲི་སྟོན་གོ་སྒྲིག་ཚོགས་ཆུང་གི་སློབ་སྟོན་པ་མཁན་ཟུར་ཀུན་དགའ་འཚམས་ཆུང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་དང་མཛད་སྒོའི་སྐབས་བོད་ཀྱི་ཟློས་གར་ཚོགས་པས་རྔོན་པའི་འདོན་དང་། ཆོལ་གསུམ་འཁྲབ་གཞས། བཙན་བྱོལ་ནང་གི་གླུ་བ་ཁག་གཅིག་གིས་གླུ་གཞས་གཟིགས་འབུལ་ཞུས་ཡོད་པ་བཅས། །

Share with your friends










Submit