ཟླ་བ་ ༡༠ ཚེས ༣༠ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༣༠ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༣༠ རེས་གཟའ་ལྷག་པ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ཁྲི་ཆེན་གུང་ཐང་རིན་པོ་ཆེའི་མཛད་རྗེས་རྗེས་དྲན་༼གུང་ཐང་ཞིབ་འཇུག༽ ཅེས་པའི་ལོ་རྒྱུས་དེབ་ཕྲེང་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་སོང་།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས། བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། བོད་མི་མང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས། བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས། བོད་མི་མང་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས། བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས། བོད་ཀྱི་དཔེ་མཛོད་ཁང་གི་དྲུང་ཆེ་ངག་དབང་ཡེ་ཤེས་ལགས། དེ་བཞིན་སྐུ་མགྲོན་དང་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༢༠ བརྒལ་བའི་དབུས་སུ་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་དཔེ་དེབ་དབུ་འབྱེད་གནང་གྲུབ་མཚམས་དཔེ་དེབ་ཕྱོགས་སྒྲིག་པ་གུང་ཐང་འབྲུག་བྷེ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་།

དེ་ནས་བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་དཔེ་དེབ་ངོ་སྤྲོད་གནང་རྗེས་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན།

གུང་ཐང་འཇམ་པའི་དབྱངས་ཀྱི་རྣམ་ཐར་དང་འབྲེལ་བའི་ཞིབ་འཇུག་དཔེ་དེབ་གུང་ཐང་འབྲུག་བྷེ་ལགས་ཀྱིས་ཕྱོགས་སྒྲིག་གནང་བ་རེད། གུང་ཐང་འཇམ་པའི་དབྱངས་ལ་མཚོན་ན་ཞིབ་འཇུག་བྱ་འོས་པ་ཞིག་དང་། ཞིབ་འཇུག་བྱ་རིན་ཡོད་པའི་སྐྱེས་ཆེན་ཞིག་ཆགས་ཡོད། དམིགས་བསལ་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཡིད་ཆེས་སྲུང་མ་ལྟ་བུ་ཆགས་བསྡད་ཡོད། དེར་བརྟེན་ཁོང་གི་ལོ་རྒྱུས་རྣམ་ཐར་མཇལ་བ་ཡིན་ན། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཡང་སྒོས་སུ་འཇམ་མགོན་བླ་མའི་བསྟན་པར་སྨད་དུ་བྱུང་བའི་མཛད་རྗེས་ཡོད་པར་བརྟེན་དེ་རིང་གོ་སྐབས་འདི་བརྒྱུད་གུང་ཐང་ཞིབ་འཇུག་གི་དཔེ་དེབ་ཕྱོགས་སྒྲིག་གནང་མཁན་གུང་ཐང་འབྲུག་བྷེ་ལགས་དང་། དེ་བཞིན་དཔེ་དེབ་འདིའི་ནང་རྩིམ་ཡིག་འབྲི་མཁན་རྩོམ་པ་པོ་ཡོངས་ལ་རི་བོ་དགེ་ལུགས་པ་དང་། སྒོ་མང་གྲྭ་ཚང་། ང་རང་སྒེར་ངོས་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་། 

དེ་རྗེས་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་ཁྲི་ཆེན་གུང་ཐང་རིན་པོ་ཆེའི་མཛད་འཕྲིན་རྗེས་དྲན་ཞུ་རྒྱུ་དང་། དེ་ཡང་རྗེས་དྲན་ཞུ་ཚུལ་ནི་གུང་ཐང་ཞིབ་འཇུག་དཔེ་དེབ་ཅིག་སྒོ་འབྱེད་བྱས་པའི་ཐོག་ནས་གནང་བཞིན་ཡོད། གུང་ཐང་ཞིབ་འཇུག་ཅེས་པའི་དཔེ་དེབ་ཕྱོགས་སྒྲིག་གནང་མཁན་གུང་ཐང་འབྲུག་བྷེ་ལགས་ཀྱིས་སྐུ་ལས་ཧ་ཅང་བསྐྱོན་པ་མ་ཟད། ཉམས་ཞིབ་དང་ཐུགས་སྣང་སོགས་ཧ་ཅང་ཡག་པོ་གནང་འདུག་པར་ལེགས་གསོལ་བསྔགས་བརྗོད་ཞུ་རྒྱུ་ཡིན། 

སྐྱེས་བུ་དམ་པ་གུང་ཐང་འཇམ་པའི་དབྱངས་ཀྱི་སྐུ་ཕྲེང་རིམ་བྱོན་སྤྱི་དང་། ལྷག་པར་སྐུ་ཕྲེང་དྲུག་པ་རྗེ་བཙུན་འཇིགས་མེད་བསྟན་པའི་དབང་ཕྱུག་མཆོག་གི་མཛད་པ་རྣམ་ཐར་སོགས་སྐྱེས་བུ་དམ་པ་ཚོའི་མཛད་རྣམ་གཞན་ལས་ཉན་པ་དང་། སོ་སོས་མར་བཤད་པ་ཙམ་གྱིས་ཚོགས་བསོད་ནམས་ཧ་ཅང་བསགས་ཀྱི་ཡོད་པ་གསུང་གི་ཡོད་པ་མ་ཟད། དེ་ལྟར་ཡིད་ཆེས་ཀྱང་བྱེད་ཀྱི་ཡོད། དེ་ལས་ལྷག་པའི་ཞིབ་འཇུག་མང་པོ་གནང་བ་དང་། གནས་ཚུལ་ཁ་ཤས་ཧ་ཅང་དཀའ་ལས་ཁག་པོའི་ཐོག་ནས་ཞིབ་འཇུག་གནང་སྟེ་རྒྱུ་གྲོན་སྦྱར་བ་དེ་དག་གིས་ཚོགས་བསོད་ནམས་རྒྱ་ཆེན་པོ་བསགས་ཡོད། དེ་ལ་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 

དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་ནས་བར་ལམ་ནས་ལོ་རྒྱུས་དེབ་ཕྲེང་གི་ངོ་བོར་འདི་དང་འདི་ལྟ་བུའི་དཔེ་དེབ་མང་དག་ཅིག་པར་སྐྲུན་ཞུ་བཞིན་ཡོད་པ་དེ་དག་གིས་བོད་ཀྱི་ལོ་རྒྱུས་རྣམས་གང་ས་ཅི་ཐད་ནས་ཡིག་འཇོག་བྱེད་རྒྱུའི་ཐོག་ཧ་ལས་པའི་ཐུགས་ཕན་ཆེན་པོ་གསོས་ཡོད་པར་བརྟེན་ལེགས་གསོལ་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་། 

སྤྱིར་གུང་ཐང་ཞིབ་འཇུག་ཅེས་པའི་དཔེ་དེབ་འདི་ཉིད་གུང་ཐང་སྐུ་ཕྲེང་དྲུག་པ་འཇམ་པའི་དབྱངས་བསྟན་པའི་དབང་ཕྱུག་ ༼ ༡༩༢༦ -༢༠༠༠ ༽མཆོག་གི་རྣམ་ཐར་གང་ཞིག་གུང་ཐང་འབྲུག་བྷེ་ལགས་ཀྱིས་ཕྱོགས་སྒྲིག་གནང་བ་ཞིག་ཡིན་པ་དང་།  དཔེ་དེབ་འདིའི་ནང་གུང་ཐང་རིན་པོ་ཆེའི་སྐུའི་ཆེ་བའི་ཡོན་ཏན་དང་། རྒྱ་ནག་གི་བཙོན་ཁང་ནང་དཀའ་སྡུག་ཇི་འཕྲད། བསྟན་པ་དང་སེམས་ཅན་གྱི་འགྲོ་དོན་ཇི་ལྟར་སྐྱོང་ལུགས། ཁྱད་པར་༧རྒྱལ་བ་པཎ་ཆེན་ཉི་ཟླ་རྣམ་གཉིས་ལ་མི་ཕྱེད་པའི་དད་པ་དང་། གང་གི་གསུང་རྣམས་དངོས་ཤུགས་བརྒྱུད་གསུམ་ནས་གཙུག་རྒྱན་དུ་བཀུར་ལུགས། བོད་དུ་གཟིགས་སྐོར་དུ་ཕེབས་པའི་༸རྒྱལ་བའི་སྐུ་ཚབ་རྣམས་ལ་རང་གི་དགོངས་པ་བཞེད་ཕྱོགས་ཀྱི་ལམ་སྟོན་སོགས་ཀྱི་སྐོར་བཀོད་འདུག་པ་དང་། དཔེ་དེབ་འདི་ཉིད་འབྲུག་བྷེ་ལགས་ཀྱིས་འགྲོ་གྲོན་ཞལ་བཞེས་གནང་སྟེ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་ནས་ལོ་རྒྱུས་དེབ་ཕྲེང་ ༤༡ ངོ་བོར་པར་སྐྲུན་གནང་ཡོད་པ་བཅས། །