ཟླ་བ་ ༡༠ ཚེས ༡༠ ༢༠༡༩
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༠ རེས་གཟའ་ཕུར་བུ།

 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༩ རེས་གཟའ་ལྷག་པ་ཉིན་ཇོ་ནང་བསྟན་པའི་གཙུག་རྒྱན། ངེས་དོན་བསྟན་པའི་རྒྱལ་ཚབ་མཁན་སྤྲུལ་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་སྣང་བ་མཆོག་ཇོ་ནང་རྒྱལ་ཚབ་སྐབས་གཉིས་པའི་ཁྲི་འདོན་མངའ་གསོལ་གྱི་རྟེན་འབྲེལ་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གསུང་བཤད་གནང་དོན། 

དེ་རིང་དཔལ་རྒྱལ་བ་ཇོ་ནང་པའི་རྒྱལ་ཚབ་སྐབས་གཉིས་པའི་ཁྲི་སྟོན་མཛད་སྒོ་འདིའི་ཐོག་གཞུང་འབྲེལ་གཏམ་བཤད་བང་སྒྲིག་པོ་གྲ་སྒྲིག་བྱེད་རྒྱུ་མ་བྱུང་། འོན་ཀྱང་ནང་ཚགས་རང་བྱས་ནས་སེམས་ནང་གང་དྲན་པ་རྣམས་ཞུས་པའི་དབང་དུ་བྱས་པ་ཡིན་ན། གོང་དུ་ངོ་སྤྲོད་ནང་གསུང་པ་ནང་བཞིན་རེད། ཇོ་ནང་འགྲོ་ཕན་ལྷན་ཚོགས་དང་ཇོ་ནང་གཞིས་བྱེས་གཉིས་ཀྱི་དགོན་སྡེ་བླ་སྤྲུལ་མང་པོ་ཞིག་གིས་ཇོ་ནང་བསྟན་པའི་བསྟན་བདག་དང་། རྒྱལ་ཚབ་རྣམ་གཉིས་ཐུགས་གཏན་ཁེལ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གསན་ཞུས་པ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལེགས་གསོལ་བསྔགས་བརྗོད་ཀྱི་འཚམས་འཕྲིན་སྩལ་ཡོད་པ་དེ་དག་ལ་ང་ཚོ་ཚང་མས་གུས་པ་ཆེན་པོས་ཡིད་འཇགས་དང་རྩ་འཛིན་བྱེད་རྒྱུ་ཞིག་ཆགས་ཡོད། ཅེས་ཞུ་རྒྱུ་ཡིན།

ལྷག་པར་དེ་རིང་རྒྱལ་བ་ཇོ་ནང་བའི་རྒྱལ་ཚབ་སྐབས་གཉིས་པ་སླར་ཡང་ཁྲི་སྟོན་གནང་བ་དང་། ཇོ་ནང་རྒྱལ་ཚབ་སླར་ཡང་ཕེབས་པ་ཡིན་སྟབས། ངས་བཀའ་ཤག་དང་ཆོས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་རིན་པོ་ཆེ་མཆོག་ལ་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ད་རེས་ཁྲི་སྟོན་དང་བརྟན་བཞུགས་གཉིས་ཆབས་ཅིག་ཏུ་ཡིན་པའི་བཟོ་འདྲ་ཞིག་ཆགས་འདུག དེར་བརྟེན་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ནས་བསྟན་པ་སྤྱི་དང་བྱེ་བྲག་གི་མཛད་འཕྲིན་དེ་དག་དུས་དང་མཐུན་པ་ཞིག་སྐྱོང་ཐུབ་པའི་རེ་བ་དང་། ཡིད་ཆེས། སྨོན་ལམ་བཅས་ཞུ་བཞིན་ཡོད། རིན་པོ་ཆེ་ངོས་ནས་ཀྱང་དེ་བཞིན་ཡོང་བའི་དགོངས་བཞེས་གནང་རོགས་ཞེས་ཞུ་རྒྱུ་ཡིན།

ཇོ་ནང་བའི་ཆོས་བརྒྱུད་སྐོར་ངས་ཚིག་ཁ་ཤས་ཤིག་ཞུས་པའི་དབང་དུ་བཏང་ན། དེ་སྔ་ནས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཅེས་པ་ཞིག་ཡོད་པ་རེད། དེའི་ཡ་གྱལ་རྩོད་པ་མེད་པ་ཞིག་ཆགས་ཡོད། ངས་ཇོ་ནང་གི་ཆོས་འབྱུང་སྐོར་ཞིབ་ཚགས་པོ་ཁྱོན་ནས་ཤེས་ཀྱི་མེད། སློབ་སྦྱོང་བྱེད་མ་མྱོངས། འོན་ཀྱང་གང་ས་ནས་ཕྲན་བུ་ཐོས་པ་དང་བཀླགས་པ་གཞིར་བཞག་བྱས་པ་ཡིན་ན། དུས་རབས་ ༡༡ ནང་མི་བསྐྱོད་རྡོ་རྗེ་མཆོག་གིས་དབུ་མ་གཞན་སྟོང་གི་ལྟ་བ་ཐོག་མར་སྲོལ་གཏོད་པའི་བཟོ་འདྲ་ཞིག་བྱུང་ཡོད་པ་འདྲ། ཁོང་གི་སློབ་བརྒྱུད་ཀུན་སྤངས་པ་ཆེན་པོ་ཐུགས་རྗེ་བརྩོན་འགྲུས་ཀྱིས་ཇོ་མོ་ནང་དུ་དགོན་པ་ཕྱག་བཏབ་ནས་དེ་ནས་མར་བང་སྒྲིག་སྟེ་ཀུན་མཁྱེན་དོལ་པོ་པ་དང་། རྗེ་བཙུན་ཏཱ་ར་ནཱ་ཐ་བཅས་མདོར་ན་མདོ་ཕྱོགས་ནས་འཁོར་ལོ་རིམ་པ་གསུམ་གྱི་ནང་ནས་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་རྩ་བ་བཟུང་བའི་ཐོག་ནས་མདོ་ཕྱོགས་ཀྱི་དབུ་མ་གཞན་སྟོང་དང་། སྔགས་ཕྱོགས་ནས་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་དེ་དག་ཟུང་དུ་སྦྲེལ་བའི་ཐོག་ནས་ཕྱག་བཞེས་གནང་བ་དང་། འབྲས་སུ་སྐུ་གསུམ་གྱི་གོ་འཕང་དངོས་སུ་མཛད་མཁན་མང་པོ་བྱུང་ཡོད་པ་དངོས་སུ་གསལ་བ་དེ་འདྲ་ཡིན་སྟབས། ཇོ་ནང་ཆོས་བརྒྱུད་འདི་བོད་གངས་ཅན་ལྗོངས་སུ་མདོ་སྔགས་ཟུང་འབྲེལ་གཅིག་པ་ཡིན་པའི་ཐོག་ནས་ཁྱད་ཆོས་དུ་མ་དང་ལྡན་པའི་ཆོས་བརྒྱུད་ཅིག་ཆགས་ཡོད་པ་དེ་ལ་དོགས་པའི་གཞི་དང་རྩོད་པའི་གནས་མེད་པའི་བཟོ་འདྲ་ཞིག་ཆགས་ཡོད། ཅེས་ཞུ་འདོད་བྱུང་།

ཆོས་བརྒྱུད་འདིའི་གནས་སྟངས་སྐོར་རོབ་ཙམ་ཞུ་པ་ཡིན་ན། བོད་ས་མ་ཤོར་གོང་ལ་ཇོ་ནང་པའི་བསྟན་པ་དེ་མདོ་སྨད་ཕྱོགས་ལ་དར་རྒྱས་ཡོད་པ་དང་། གཙོ་བོ་དབུས་གཙང་ཁུལ་དུ་དར་རྒྱས་བྱུང་ཡོད་ནའང་འགྱུར་ལྡོག་ཕྲན་བུ་མང་པོ་བྱུང་ཡོད། གང་ལྟར་སྔ་ས་ནས་དར་རྒྱས་དང་མི་ཉམས་རྒྱུན་འཛིན་ཡོད་པ་དེ་ལྟར་རེད། དུས་འགྱུར་བྱུང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་ཀྱི་སྐྱེས་ཆེན་དམ་པ་མང་པོ་ཞིག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་སྐབས་གདན་ས་གཙོ་བོ་དང་རྟེན་གཞི་གཙོ་བོ་དེ་དག་སྨད་ཕྱོགས་སུ་ཡོད་སྟབས། ཆོས་བརྒྱུད་གཞན་ལྟར་ཇོ་ནང་ཕྱོགས་ནས་བླ་ཆེན་སོགས་ཕེབས་མ་ཐུབ་པའི་རྐྱེན་གྱིས་དེ་ཙམ་དར་ཁྱབ་བྱུང་མེད་པ་དང་། ཕྱིས་སུ་འགྱུར་བ་ཕྲན་བུ་བྱུང་སྟེ་ཕྱི་ལོ་ ༡༩༨༠ གཡས་གཡོན་དུ་བོད་ནས་བཙན་བྱོལ་དུ་ཕེབས་མཁན་མང་པོ་བྱུང་བར་བརྟེན། དེ་ནས་དབུ་བཙུགས་ཏེ་བཙན་བྱོལ་ནང་ཇོ་ནང་པའི་རྟེན་གཞི་དེ་དག་རིམ་པས་ཡར་རྒྱས་ཕྱིན་ཡོད།

བཙན་བྱོལ་དུ་ཕེབས་སྐབས་ཐུགས་ཁག་ཁྱོན་ནས་མེད་པའི་ཐོག་ནས་རང་བཞིན་གྱིས་ཚོར་སྣང་དང་གཟིགས་ཚུལ་ཞིག་ཡོང་བཞིན་ཡོད། བཙན་བྱོལ་ནང་ཁྲིམས་སྒྲིག་དང་བཅའ་ཁྲིམས་སོགས་སྒྲིག་ལམ་མང་པོ་ཆགས་པའི་དབང་གིས་གནས་སྟངས་མང་པོའི་ནང་ཇོ་ནང་གི་ཆོས་བརྒྱུད་འདི་ཡིན་ལུགས་ཚུལ་མཐུན་ཐོག་ཚུད་མེད་པའི་མཐོང་ཚུལ་དང་དགོངས་ཚུལ་ཏན་ཏན་བྱུང་ཡོད་པ་དངོས་ཡོད་གནས་ཚུལ་རེད། དེར་བརྟེན་ཆོས་རིག་ལས་ཁུངས་ཀྱིས་དུས་ནས་དུས་སུ་གོ་སྒྲིག་ཞུས་པའི་ཆོས་ཚོགས་ཤིག་གི་ཐོག་ལ་དཔལ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་སྐོར་གླེང་གཞི་དང་གྲོས་གཞི་བྱུང་བའི་སྐབས་ཇོ་ནང་ཆོས་བརྒྱུད་འདི་ལྟ་བ་དང་བརྒྱུད་པའི་ཆ་ནས་རང་རྐང་ཚུགས་པའི་ཆོས་བརྒྱུད་ཅིག་ཡིན་པ་ཆོས་ཚོགས་ཐོག་ནས་ངོས་འཛིན་གཙང་མ་གནང་ཡོད། ཆོས་ཚོགས་ཀྱི་སྡིངས་ཆ་དེ་ལས་མཐོ་བ་ཞིག་མེད་པའི་སྟེང་ངོས་འཛིན་གཙང་མ་གནང་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་ཆོས་རིག་ལས་ཁུངས་ངོས་ནས་ཀྱང་དེ་ག་རང་ལ་ངོས་འཛིན་ཞུས་པ་དེ་ལྟར་རེད། འཛིན་སྐྱོང་དང་འབྲེལ་བའི་གནས་ཚུལ་ཁག་གཅིག་ཆོས་བརྒྱུད་གཞན་དང་མང་ཉུང་གི་ཁྱད་པར་ཡོང་གི་རེད་མ་གཏོགས་དེ་མིན་ཆོས་བརྒྱུད་གཞན་དང་གཅིག་པ་གཅིག་རྐྱང་བྱེད་རྒྱུའི་འབད་བརྩོན་ཞུས་དང་ཞུ་མུས་ཡིན།  ད་དུང་ཡིན་ནའང་ངེས་པར་དུ་ཞུ་ཆོག་པ་ཞེས་ཞུ་རྒྱུ་ཡིན།

གནད་དོན་ཁག་གཅིག་ང་ཚོར་ཁྲིམས་སྒྲིག་ལམ་ཡོད་སྟབས། ཁྲིམས་ལུགས་ལྟ་བུར་ཆགས་ཀྱི་ཡོད། ཁྲིམས་ལུགས་དང་འབྲེལ་བ་ལྟ་བུ་ཆགས་ཡོད་པར་བརྟེན་དེ་ཚོའི་ཐོག་ལ་ཕྱོགས་ཕན་ཚུན་གཉིས་ཀས་བསམ་ཤེས་གནང་དགོས་པའི་བཟོ་འདྲ་ཞིག་ཆགས་ཡོད། དངོས་འབྲེལ་བྱས་ན་མ་འགྲིག་པ་མེད་པ་ལྟ་བུ་རེད། འོན་ཀྱང་ད་ལྟའི་དུས་བབ་ཀྱི་གནས་སྟངས་རྐྱེན་པས་མཛད་དཀའི་རང་བཞིན་ལྟ་བུ་ཆགས་ཡོད་ནའང་ཕན་ཚུན་གཉིས་ཀས་བསམ་ཤེས་གནང་བའི་ཐོག་ནས་སྐུ་ངལ་དེ་ཚོ་ཡིན་ནའང་རིང་པོར་མ་ཐོགས་པར་སེལ་ཐུབ་པའི་རེ་བ་ཞུ་གི་ཡོད། ལྷག་པར་བཙན་བྱོལ་ནང་དཔལ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་ལ་དམིགས་བསལ་སྐུ་ངལ་འཕྲད་བཞིན་པའི་རིགས་ལ་ཆོས་རིག་ལས་ཁུངས་དང་སོ་སོ་སྒེར་ངོས་ནས་གདུང་སེམས་མཉམ་སྐྱེ་གཙང་མ་ཡོད། ཅེས་ཞུ་རྒྱུ་ཡིན། 

མཐར་གནས་སྟངས་ལ་དཔགས་པའི་འབོད་སྐུལ་ཞུ་རྒྱུར། ད་ཆར་རྟེན་གཞི་ཡིན་ནའང་གཞི་རྒྱ་ཆུང་ཆུང་དང་། དགེ་འདུན་གྱི་ཞལ་གྲངས་སོགས་ལྟོས་ས་ལྟོས་ཆོས་ཉུང་ཉུང་ལྟ་བུ་ཆགས་ཡོད་སྟབས། རྒྱ་ཆེ་རུ་དང་དགེ་འདུན་པའི་ཞལ་གྲངས་མང་དུ་འགྲོ་དགོས་པ་ཏན་ཏན་དགོས་ཀྱང་ཆུང་ཆུང་དང་ཉུང་ཉུང་། གསར་པ་ཡིན་པའི་ཁེ་བཟང་གང་ཙམ་བླང་རྒྱུ་མེད་དམ་བསམ་གྱི་འདུག ཅེས་སོགས་ཀྱི་གསུང་བཤད་གནང་། 

Share with your friends










Submit