ཟླ་བ་ ༡༠ ཚེས ༧ ༢༠༡༩
Published By ngawang thokmey

༢༠༡༩ ཟླ་ ༡༠ ཚེས་ ༧ རེས་གཟའ་ཟླ་བ།

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་ཐོག་བཅར་བའི་སྐུ་ཚབ་དང་། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་བཀའ་སྤྱི་དང་།  སྲི་ཞུའི་ལས་བྱས་ཡོངས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རྭའི་ནང་བཀའ་སློབ་སྩལ་དོན།  དེ་རིང་ངོས་རང་ཐང་ཆད་འདུག ཉི་མ་སྦྲེལ་ནས་བསྙེན་རྫོགས་བསྒྲུབས་པ་རེད། དེ་ནས་བཀའ་ཆོས་བྱས་ནས་ཆད་སོང་། དེ་རིང་གཟའ་ཉི་མ་གུང་སེང་ཡོང་རྒྱུ་རེད་བསམས་བྱུང་དེ་ཡང་མི་འདུག (བཞད་མོ་བཞད) གང་ལྟར་ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་དེ་ཙམ་ཕྱིན་པ་རེད། བོད་མི་རིགས་ལ་མཚོན་ན་ཁྱེད་ཚོས་འདིར་བཀོད་པ་ལྟར་ཆོས་རྒྱལ་གཉའ་ཁྲི་བཙན་པོ་ནས་བཟུང་མེས་དབོན་རྣམ་གསུམ་ཞེས་གང་ལྟར་ང་ཚོ་ལོ་རྒྱུས་ཡོད་པའི་མི་རིགས་ཤིག་ཆགས་ཡོད། སྲོང་བཙན་སྒམ་པོ་རླབས་ཆེན་པོ་རེད་བསམ་དྲན་གྱི་འདུག ཁོང་གིས་རྒྱལ་ས་དང་འཁྲུངས་ས་བསྐྱོན་ནས་རྒྱ་ནག་དང་འབྲེལ་བ་ཧ་ཅང་ཡག་པོ་ཡོད། བོད་དུ་ཐོག་མར་རྒྱ་ནག་ནས་ནང་ཆོས་ཤུགས་རྐྱེན་ཐེབས་པ་ལྟ་བུ་རེད། ལྷ་སའི་ཇོ་བོ་རྒྱ་ནག་ནས་གདན་དྲངས་པ་རེད།  འོན་ཀྱང་སོ་སོའི་བོད་ཡིག་རྒྱ་ཡིག་ལ་བསྟུན་མི་དགོས་པ་རང་ཚན་པ་ཞིག་བཟོས་གནང་བ་རེད། བོད་ཡིག་དཔེ་ལྟ་ས་རྒྱ་གར་ཡི་གེར་དཔེ་བལྟས་ནས་བཟོས་པ་རེད། 

དེ་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་རྒྱ་ནག་དང་མུ་མཐུད་ནས་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་རེད། འོན་ཀྱང་ནང་ཆོས་དེ་ཆུ་མགོ་གངས་ལ་ཐུག་པ་ཞེས་བཤད་སྲོལ་ཡོད་པ་བཞིན་རྒྱ་གར་རང་ལ་ཁུངས་གཏུགས་པ་དང་། དེའང་ནཱ་ལེནྜ་ལ་གཏུགས་ནས་ནཱ་ལེནྜའི་མཁས་པའི་དབང་པོ་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་ཞུ་གནང་། སྐབས་དེར་ཁོང་དགུང་གྲངས་བདུན་ཅུ་དོན་གྲངས་ནང་ཕེབས་ཡོད་པ་ངོས་ཀྱི་རྒྱ་གར་བའི་གྲོགས་པོས་བརྗོད་ཀྱི་འདུག  གང་ལྟར་ཧ་ཅང་བགྲེས་སོང་རེད།  འོན་ཀྱང་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་མང་པོ་ཞིག་ལ་བརྟེན་ནས་མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས། སློབ་དཔོན་རིན་པོ་ཆེ་ཡང་ཐུགས་བསྐྱེད་དུས་སུ་སྨིན་ནས་གདན་འཛོམས། མཁན་ཆེན་ཞི་བ་ཚོས་རྐྱང་རྐྱང་གིས་བསྟན་པ་ལུང་རིག་གཉིས་ཀྱི་ཐོག་ནས་དར་སྤེལ་གནང་བར་འགེགས་རྐྱེན་མང་པོ་ཞིག་འཕྲད་ནས་སློབ་དཔོན་ཐུགས་རྗེ་ཅན་སྐུ་སྐྱེས་མང་པོའི་རིང་ནས་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། དེ་འདྲའི་ཆ་ནས་སློབ་དཔོན་རིན་པོ་ཆེ་གདན་འདྲེན་ཞུ་དགོས་པ་གསུངས།

སློབ་དཔོན་རང་གིས་ཀྱང་ཐུགས་བསྐྱེད་དུས་སུ་སྨིན་ནས་བོད་ལ་ཞལ་གཟིགས་ནས་ཕེབས་རྒྱུ་འགོ་བཙུགས་ཚར་བ་རེད། གང་ལྟར་མཁན་སློབ་ཆོས་གསུམ་ཟེར་བ་དེ་མཁན་ཆེན་ཞི་བ་འཚོ། སློབ་དཔོན་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་བཅས་རེད།  གང་ལྟར་སངས་རྒྱས་པའི་ཆོས་འདི་ནཱ་ལེནྜའི་མཁས་པའི་དབང་པོ་མཁན་ཆེན་ཞི་བ་འཚོས་ང་ཚོར་བརྩིས་སྤྲོད་གནང་བ་རེད།

བོད་དུ་ནང་ཆོས་མ་དར་གོང་རྒྱ་ནག་ནང་དུ་ནང་ཆོས་དར་ཡོད།  རྒྱ་ནག་གི་ནང་ཆོས་དེ་ནཱ་ལེནྜ་ནས་བརྒྱུད་པ་ཡིན་ནའང་རྒྱ་ནག་གི་ནང་པ་ཚོས་ཚད་མ་རིགས་པའི་སྐོར་བརྟག་དཔྱད་བྱ་རྒྱུའི་ཐད་དོ་སྣང་དེ་ཙམ་གནང་མི་འདུག   ཕྱིས་སུ་ཁྲི་སྲོང་སྡེ་བཙན་གྱི་སྐུ་ཚེའི་སྨད་ལ་རྒྱ་ནག་གི་ཧ་ཤང་དངོས་གནས་འདུལ་བ་འཛིན་པ་དེ་དག་གིས་སྒོམ་གཙོ་བོ་མ་གཏོགས་ཐོས་པ་དེ་ཙམ་མི་དགོས་པ་གསུང་ཡག་བྱུང་བ་རེད།  སྐབས་དེར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཏོག་ཙམ་ཐུགས་དོགས་འཁྲུངས་ནས་མཁན་ཆེན་ཞི་བ་ཚོས་དེ་སྔ་བཀའ་སློབ་ཅིག་ཀྱང་ཡོད་པ་རེད།  དེ་ལ་བརྟེན་ནས་སློབ་དཔོན་ཀ་མ་ཤཱི་ལ་གདན་ཞུ་གནང་འདུག   མཁན་ཆེན་ཞི་བ་འཚོའི་དགེ་ཕྲུག་རེད། སློབ་དཔོན་ཀ་མ་ཤཱི་ལ་ཧ་ཅང་མཁས་པ་རེད།  སློབ་དཔོན་ཀ་མ་ཤཱི་ལ་དང་རྒྱ་ཡི་མཁན་པོ་རྩོད་པ་བྱས་ནས་བར་དཔང་ཚོད་དེ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཡིན་ནམ་གང་ལྟར་བཞུགས་ནས་དོགས་གཅོད་གནང་སྐབས་སློབ་དཔོན་ཀ་མ་ཤཱི་ལ་ནཱ་ལེནྜའི་མཁས་པ་རེད། ལུང་རིག་ཐོགས་མེད་གསུང་ཡག་ཞིག་ཡོང་རྒྱུ་རེད།  རིམ་བཞིན་རྒྱའི་མཁན་པོ་ཚོ་མི་མངོན་པའི་རྟུལ་ཞུགས་ལ་བཀོད་པ་ཟེར་བ་དེ་བྱུང་བ་རེད།  ཤོད་རྒྱུ་མེད་པ་ཆགས་པ་རེད། སྐབས་དེར་རྒྱའི་ཧ་ཤང་སྒོམ་མ་གཏོགས་སློབ་གཉེར་མི་དགོས་ཟེར་མཁན་དེ་གྲས་རིགས་གཅིག་སྐབས་དེར་བསྐྲད་འདུག  ཅེས་དང་། 

དེ་བཞིན་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་ལྷ་སར་དྲག་གནོན་བྱེད་སྐབས་བོད་མི་ཚོ་ལས་སླ་པོ་ཞིག་མེད་པར་མཁྲེགས་པོ་ཞིག་ཡིན་པར་ངོས་འཛིན་བྱས་ནས་བཅིང་བཀྲོལ་དམག་མི་ཆེད་མངགས་ཤིག་སྐད་བཏང་འདུག  དམག་མི་དེ་དག་ཨ་མི་རི་ཀའི་དམག་དཔུང་དང་འཛིངས་མྱོང་མཁན་གྱི་དམག་སྡེའི་ཁོངས་ནས་ཡིན་སྐོར་བཀའ་སློབ་སྩལ།  ༸གོང་ས་༸སྐྱབས་མགོན་ཆེན་པོས་ཕྱི་ལུགས་སྨན་པས་༸སྐུའི་ཟུངས་ཁྲག་གི་ནུས་པ་ཡར་རྒྱས་ཕྱིན་པ་སྙན་སྒྲོན་ཞུས་སྟབས་མ་འོངས་པར་ཕྱི་རྒྱལ་ཡུལ་གྲུར་ཆིབས་སྒྱུར་མཛད་རྒྱུའི་ཐུགས་རེ་མཛད་བཞིན་ཡོད་པ་བཀའ་སློབ་སྩལ།

ལྷག་པར་མགོན་པོ་གང་ཉིད་ཀྱིས་རྒྱ་རིགས་དཔོན་པོ་དང་ཚོང་པ་དེ་འདྲ་བརྒྱུད་རྒྱ་ནག་འགོ་ཁྲོད་ཚོ་དང་འབྲེལ་མོལ་མུ་མཐུད་ཐབས་མཛད་བཞིན་ཡོད་སྐོར།  དེ་བཞིན་བོད་མི་བཙན་བྱོལ་བ་དེ་དག་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཆགས་ཐུབ་པ་དང་།  ད་ལྟའི་དུས་སྐབས་འདིར་ཡང་ང་ཚོ་ཁ་འཁྱག་འཁྱགས་བྱས་ནས་འགྲོ་ཐུབ་པ་དེ་སྲི་ཞུ་བ་ཚོས་གཙོ་བོ་དཀའ་ལས་བརྒྱབ་པ་ལ་བརྟེན་ནས་ཡིན་སྐོར་སོགས་བཀའ་སློབ་སྩལ་རྗེས་སྐུ་པར་ལྷན་སྒྲོན་མཛད། 

Share with your friends










Submit