ཟླ་བ་ ༩ ཚེས ༡༡ ༢༠༡༩
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༡ རེས་གཟའ་ལྷག་པ།

༄༅། །འདི་གར་སྦར་སིལ་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༠ ཉིན་རྒྱབ་སྦར་སིལ་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱིས་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐོ་མས་གྲི་ཀོས་ཀཱི་ Tomas Zdechovsky མཆོག་གི་ལས་ཁུངས་སུ་མཇལ་འཕྲད་གནང་སྟེ་ཁོང་ཉིད་གྲོས་ཚོགས་ཀྱི་འཐུས་མིར་བསྐྱར་དུ་འོས་འདེམས་བྱུང་བར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་ཆེད་མཇལ་དར་སྒྲོན་འབུལ་བསྟུན་དེ་སྔོན་ནས་འབོད་སྐུལ་ཞུས་དོན་ལྟར། ཡུ་རོབ་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས་ཐུབ་ཐབས་ལ་རྒྱབ་སྐྱོར་ངེས་གནང་ཡོང་བ་ཞུ་དོན་དུ། དེ་སྔ་ལྟར་བོད་སྐོར་ག་དུས་ཡིན་ནའང་རྒྱབ་སྐྱོར་ཞུ་ཆེད་གྲ་སྒྲིག་ཨང་སར་ཡོད་པ་མ་ཟད། རྒྱ་ནག་མངའ་འོག་ཡོད་པའི་ནང་སོག་དང་། ཐེ་ཝན། ཧོང་ཀོང་སོགས་ལ་རྒྱུན་དུ་ནས་གདུང་སེམས་མཉམ་སྐྱེ་ཞུ་མུས་ཡིན་ཞེས་གསུངས་ཡོད།

དེ་ཡང་ཁོང་ནི་ཡུ་རོབ་གྲོས་ཚོགས་ཀྱི་མི་མང་ཚོགས་པ་ཞེས་པ་ནས་ཡིན་སྟབས། བོད་དོན་ཐོག་རྒྱུན་དུ་དོ་ཁུར་དང་རྒྱབ་སྐྱོར་ཞུ་མཁན་ཞིག་ཡིན་པ་མ་ཟད། དེ་སྔའི་གྲོས་ཚོགས་སུའང་ཚོགས་པ་དེའི་ཐོག་ནས་བོད་དོན་ཐོག་རྐང་འགན་བཞེས་ཡོད།

སྐུ་ཞབས་གྲི་ཀོས་ཀཱི་མཆོག་དང་དོན་གཅོད་གཉིས་དབར་དང་། དོན་གཅོད་དང་གྲོས་འཐུས་ཀྱི་ལས་བྱེད་ཐོ་མས་དབར་ལས་དོན་གཞན་ཁག་མང་པོ་མཇུག་སྐྱོང་དང་ལས་དོན་སྤེལ་རྒྱུའི་གོ་བསྡུར་ཡང་གནང་འདུག

ཡུ་རོབ་མཐུན་ཚོགས་དང་འབྲེལ་བའི་གནད་དོན་ཐད། ད་རིང་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ Ursula von der Leyen མཆོག་གིས་ཁོང་གི་ལས་རོགས་སམ་བཀའ་ཤག་ལྟ་བུ། འགན་འཛིན་ ༢༧ གསལ་བསྒྲགས་གནང་ཡོད། ཁོང་ཉིད་ནི་ཡུ་རོབ་མཐུན་ཚོགས་ཀྱི་བེུད་ཚོགས་གཙོ་ཐེངས་དང་པོ་དེ་ཡིན་ཞིང་། ཁོང་གི་བཀའ་ཤག་ནང་ཕོ་མོ་གྲངས་ ༡༤ དང་ ༡༣ ཅན་འདི་ཡང་ཡུ་རོབ་མཐུན་ཚོགས་ཀྱི་འགན་འཛིན་ཕོ་མོ་འདྲ་མཉམ་གྱི་རྣམ་པ་གསལ་སྟོན་བྱུང་ཡོད། 

ཁོང་གིས་ལས་ཁུངས་ཀྱི་འགན་ཕྱི་ཟླ་ ༡༡ ཚེས་ ༡ ལ་བཞེས་རྒྱུ་དང་། ཁོང་གི་ཕྱག་རོགས་རྣམ་པ་ཕྱི་ཟླ་ ༡༠ ཚེས་ ༣༡ སྔོན་ཡུ་རོབ་གྲོས་ཚོགས་ནས་ངོས་ལེན་གྱི་འོས་བསྡུ་གནང་གི་ཡོད་པ་བཅས། །

Share with your friends










Submit