ཟླ་བ་ ༩ ཚེས ༢༦ ༢༠༡༩
Published By ngawang thokmey

ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༦ རེས་གཟའ་ཕུར་བུ།

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་མེས་པོ་དམ་པ་གཱན་དྷི་མཆོག་གི་མཚམས་ཁང་Harijan Sevak Sangh དུ་ཇི་ལྟར་སྔོན་ནས་གདན་ཞུ་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཁུལ་དེར་ཆོས་ལུགས་མཐུན་སྒྲིལ་གྱི་མཛད་སྒོར་བཀའ་སློབ་སྩལ་འདུག

སྐབས་དེར་ཧིན་དུ་དང་ཁ་ཆེ། ཡེ་ཤུ། སིག གཅེར་བུ་བ་བཅས་ཆོས་ལུགས་སོ་སོའི་བླ་ཆེན་ཁག་གཅིག་ཕེབས་འདུག ཐོག་མར་བླ་ཆེན་རྣམ་པས་མེས་པོ་དམ་པ་གཱན་དྷི་མཆོག་གི་སྐུ་བརྙན་མདུན་དུ་གུས་འདུད་དང་སྦྲགས།  མཚམས་ཁང་གི་དཔེ་མཛོད་ཁང་གི་རྭ་བའི་ནང་ཤིང་སྣ་འདེབས་འཛུགས་མཛད་འདུག དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བླ་ཆེན་རྣམས་སྡིངས་ཆའི་སྟེང་འཁོད་མཚམས་རྒྱ་གར་སྲོལ་རྒྱུན་ལམ་ལུགས་ལྟར་སྣང་གསལ་ཞལ་ཕྱེ་མཛད་འདུག  སྐབས་དེར་ཧིན་དུའི་ཆོས་ལུགས་ཀྱི་དགའ་བྱེད་རཱ་མ་ཎའི་གཏམ་བརྒྱུད་སྒྲོགས་སྦྱང་གནང་མཁན་ཆོས་ཕྱོགས་ཀྱི་དབུ་ཁྲིད་གྲགས་ཅན་སྐུ་ཞབས་མོ་ར་རི་བྷ་པུ་མཆོག་ཀྱང་ཕེབས་ཡོད།  སྤྱིར་མགོན་པོ་གང་ཉིད་མཆོག་ཁུལ་དེར་ཆིབས་སྒྱུར་མ་མཛད་གོང་མོ་ར་རི་བྷ་པུ་མཆོག་གིས་ཉིན་དགུའི་རིང་དགའ་བྱེད་ཀྱི་གཏམ་བརྒྱུད་སྒྲོགས་སྦྱང་གནང་འདུག་པར་བརྟེན།  དད་ལྡན་མང་ཚོགས་རྣམས་ཀྱིས་སྡིངས་ཆ་དེ་བྱིན་རླབས་ཅན་ཞིག་ཏུ་ངོས་འཛིན་ཞུ་བཞིན་པར་གྲགས། 

མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་སྐུ་ཞབས་ཤངྐར་ཀུ་མཱར་སན་ཡཱལ་ Dr. Shankar Kumar Sanyal ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་སྐབས། དེ་སྔ་བདག་ཉིད་ཆེན་པོ་གཱན་དྷི་ཞལ་བཞུགས་སྐབས་རྒྱ་གར་གྱི་བདེ་དོན་སླད་ཕྱི་ལོ་ ༡༩༣༠ ནས་ ༡༩༤༠ བར་ལོ་ངོ་བཅུ་ཙམ་རིང་ཁུལ་དེར་བཞུགས་གཞག་ཐོག་སྐུ་ངལ་ཚད་མེད་བསྐྱོན་གནང་བའི་སྐོར་སོགས་གསུངས། དེ་ནས་རིམ་བཞིན་བླ་ཆེན་སོ་སོའི་ཆོས་ལུགས་ནང་གསལ་བ་ལྟར་ཆོས་ལུགས་གཞན་ལ་གུས་བརྩི་ཞུ་དགོས་གལ་དང་།  རྒྱ་གར་གནའ་རབས་སྲོལ་རྒྱུན་ལམ་ལུགས་ལྟར་སྙིང་རྗེ་དང་འཚེ་མེད་ཞི་བའི་བསླབ་བྱའི་སྐོར་གསལ་འདོན་གནང་བ་དང་སྦྲགས། གོ་ལའི་ཁོར་ཡུག་ལ་གཅེས་སྐྱོང་དགོས་པ་དུས་ཀྱི་དགོས་མཁོ་ཆགས་ཡོད་སྐོར་སོགས་གསུངས།   སྐབས་དེར་ཧིན་དུའི་ཆོས་ལུགས་ཁོངས་ནས་བཙུན་མ་ Sadhvi Bhagavathi Saraswati མཆོག་དང་། ཧིན་དུའི་བླ་ཆེན་ Swami Chidanand Saraswati མཆོག  དེ་བཞིན་རྒྱ་གར་སྲོལ་རྒྱུན་དྲང་སྲོང་ཆུར་ལྷུང་གི་མདོ་ལས་གྲངས་པའི་ཆུར་ལྷུར་རྣལ་འབྱོར་ཉམས་ལེན་པའམ་པཏན་ཇ་ལི་ཡོ་གའི་ Patanjali Yoga སློབ་སྟོན་པ་བྷ་བྷ་རཱམ་དེབ་ Baba Ramdev མཆོག དེ་བཞིན་ཁ་ཆེའི་ཆོས་ལུགས་ཀྱི་ཤི་ཡ་རྗེས་འབྲང་པའི་བླ་ཆེན་ Maulana Kokab Muharram མཆོག་དང་། སིག་ཆོས་ལུགས་ཀྱི་བླ་ཆེན་ Giani Gurbachan Singh མཆོག་ཕེབས་འདུག ཡེ་ཤུའི་ཆོས་ལུགས་ལ་མཚོན་ན་བླ་ཆེན་ཨ་ཇིཏ་པེ་ཊིག་ Father Ajit Patrick མཆོག་ཕེབས་པ་དང་། ཁ་ཆེའི་སུན་ནི་རྗེས་འབྲང་པའི་བླ་ཆེན་ Maulana Mahmood Madani མཆོག་ཕེབས་འདུག 

སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།  ཆོས་གྲོགས་ཕོ་མོ་རྣམ་པ།  འཛམ་གླིང་གི་ཆོས་ལུགས་གཙོ་གྲས་ཚང་མས་བྱམས་པ་དང་བརྩེ་བ། འཚེ་མེད་ཞི་བའི་སྐོར་བསླབ་བྱ་གསུང་བཞིན་ཡོད་པ་མ་ཟད། བཟང་སྤྱོད་ཀྱི་རིན་ཐང་དེ་དག་ཉིན་རེའི་འཚོ་བའི་ཁྲོད་ཉམས་ལེན་ཐོག་ནས་ཡར་རྒྱས་ཇི་ལྟར་གཏོང་དགོས་པའི་ཐད་དགོངས་བཞེས་གནང་མཁན་ཡིན་པ་མཚུངས་པ་རེད།  འགྲོ་བ་མི་ལ་ཐུན་མིན་ཁྱད་ཆོས་ཤིག་ཡོད་པ་ནི་གཞན་ལ་སྤུན་མཆེད་ཕོ་མོའི་འདུ་ཤེས་འཛིན་ཐུབ་པ་དེ་ཡིན།  འདུ་ཤེས་དེའི་ཐོག་ནས་ང་ཚོས་འཆམ་མཐུན་གྱི་ཁོར་ཡུག་སྐྲུན་ཐུབ་བཞིན་ཡོད།  དེང་སྐབས་ཆོས་ཀྱི་མིང་ཐོག་ནས་རྙོག་གྲ་བཟོ་བཞིན་པ་ནི་བསམ་ཡུལ་ལས་འདས་པའི་བློ་ཕམ་གྱི་རང་བཞིན་ཞིག་རེད། ཆོས་ཟེར་དུས་བཟོད་སྲན་གོང་སྤེལ་དང་བྱམས་བརྩེའི་ཉམས་ལེན་བརྒྱུད་སྤྱི་ཚོགས་འཆམ་མཐུན་གྱི་རྨང་གཞི་ཡིན་དགོས།  འོན་ཀྱང་རྒྱ་གར་ལ་མཚོན་ན་ཡུལ་འདིར་ལོ་ངོ་སྟོང་ཕྲག་རིང་ནས་ཆོས་ལུགས་མཐུན་སྒྲིལ་གྱི་ཉམས་བཞེས་བཟང་པོ་རྒྱུན་སྐྱོང་གནང་བཞིན་ཡོད། 

རྒྱ་གར་སྲོལ་རྒྱུན་ནས་དར་བའི་ཆོས་ལུགས་དེ་དག་གིས་སྙིང་རྗེས་བརྩིས་ཟིན་པའི་སྤྱོད་པ་འཚེ་བ་མེད་པ་ཉམས་བཞེས་གནང་སྲོལ་ཡོད།   དེ་ལ་བརྟེན་ནས་ཡུལ་འདིར་འཛམ་གླིང་ས་ཕྱོགས་གང་ས་ནས་ཆོས་ལུགས་འདྲ་མིན་རྣམས་འཇིགས་སྣང་གང་ཡང་མེད་པར་ཞི་བདེའི་ངང་གནས་ཐུབ་ཡོད།  ཆོས་ལུགས་གཙོ་ཆེ་བ་དེ་དག་གི་ལྟ་གྲུབ་ནང་གཙོ་བོ་བྱམས་བརྩེའི་བསླབ་བྱ་གསུངས་ཡོད། དེར་བརྟེན་ཆོས་ཀྱི་མིང་ཐོག་ནས་ཕན་ཚུན་གསོད་རེས་བྱས་ཟེར་བ་ནི་ཧ་ཅང་བློ་ཕམ་གྱི་གནས་རེད། 

རྒྱ་གར་ལ་མཚོན་ན་རྒྱ་གར་ནང་ལ་ཆོས་ལུགས་མཐུན་སྒྲིལ་ཡོད་པ་དེ་ཙམ་གྱིས་མི་ཆོག་པར་འཛམ་གླིང་གཞན་ལའང་ལམ་སྣེ་འདྲེན་ཐུབ་པ་དགོས། འཛམ་གླིང་ནང་ཆོས་ལ་ཡིད་ཆེས་མེད་མཁན་མི་གྲངས་ཐེར་འབུམ་གཅིག་ཙམ་ཡོད།  དེར་བརྟེན་ཆོས་ཀྱི་སྐད་ཆ་ཤོད་ས་མེད།  དེ་ལྟར་ནའང་མི་དེ་དག་ང་ཚོའི་སྤུན་མཆེད་ཕོ་མོ་ལྟར་ཡིན། ང་ཚོ་ལྟར་ཁོང་ཚོས་ཀྱང་སྡུག་བསྔལ་ལས་བྲལ་འདོད་དང་།  བདེ་བ་ཐོབ་འདོད་བྱེད་མཁན་གཅིག་མཚུངས་ཡིན། སྤྱིར་ཞི་གནས་དང་ལྷག་མཐོང་གི་ཉམས་ལེན་དེ་དག་ཆོས་ཕྱོགས་ཐོག་ནས་བཤད་ཀྱི་ཡོད་ཀྱང་།  ཆོས་ལུགས་དང་མ་འབྲེལ་བར་དེང་དུས་ཤེས་ཡོན་ལམ་ལུགས་ནང་འཁྲིད་ཐུབ་དགོས།  དེ་འདྲ་བྱུང་ན་འགྲོ་བ་མི་རིགས་སྤྱིའི་བདེ་དོན་ལའང་ཕན་རླབས་ཆེ།  རྒྱ་གར་སྲོལ་རྒྱུན་གྱི་ལྟ་གྲུབ་ལ་མཚོན་ན་གྲངས་ཅན་པ་ནི་ཕལ་ཆེར་ཆེས་ཐོག་མ་དར་འདུག གྲངས་ཅན་པ་ནང་ལའང་ལྷར་བཅས་དང་ལྷ་མེད་གཉིས་འདུག ལྷར་བཅས་པས་འཇིག་རྟེན་བཀོད་པ་པོ་འདོད་ཅིང་། ལྷ་མེད་སྨྲ་བས་མི་འདོད།

ཕྱོགས་མཚུངས་གཅེར་བུ་བ་དང་ནང་པས་འཇིག་རྟེན་བཀོད་པ་པོ་མི་འདོད། ནང་པ་སངས་རྒྱས་པར་མཚོན་ནའང་ལེགས་སྦྱར་སྐད་ཡིག་ལ་གཞི་བཅོལ་བའི་ལུགས་དང་པཱ་ལའི་སྐད་ལ་གཞི་བཅོལ་བའི་ལུགས་གཉིས་དར་བ་རེད། ལེགས་སྦྱར་སྐད་ཡིག་གཞི་རྩར་བཟུང་བའི་ནང་པའི་ཆོས་ལ་མཚོན་ན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གཙོ་ཆེར་རིག་པའི་ལམ་ནས་རྒྱལ་བའི་དགོངས་པ་གཏན་ལ་ཕབ་ཡོད།  རིགས་པ་དང་འགལ་ན་རྒྱལ་བའི་བཀའ་ཡིན་ཡང་ཁས་ལེན་གནང་མེད།  དེར་བརྟེན་རྒྱལ་བའི་བཀའ་ལའང་དྲང་ངེས་ཀྱི་རྣམ་དབྱེ་ཕྱེ་ཡོད།  མཁས་པ་དེ་དག་གིས་རིགས་པའི་ལམ་ནས་དཔྱད་ཚུལ་དེ་དེང་སྐབས་ང་ཚོས་ཆོས་ཁས་ལེན་མིན་ཐུན་མོང་གིས་ལག་བསྟར་ཐུབ་པ་ཞིག་རེད། 

ཁོར་ཡུག་ལ་མཚོན་ན་དེང་སྐབས་མི་འབོར་ཧ་ཅང་མྱུར་པོའི་ཐོག་འཕེལ་བཞིན་ཡོད་སྟབས། ཁོར་ཡུག་ལ་རང་བཞིན་གྱིས་དཀའ་ངལ་འཕྲད་བཞིན་ཡོད།  དཀའ་ངལ་དེ་དག་འགྲོ་བ་མི་རིགས་ཡོངས་རྫོགས་ལ་གཅིག་གྱུར་འཕྲད་བཞིན་ཡོད།  དེར་བརྟེན་ང་ཚོས་ཐུན་མོང་གི་ནུས་པ་མཉམ་སྤུངས་ཐོག་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས།  ང་ཚོར་གོ་ལ་འདི་ཁོ་ན་མ་གཏོགས་གནས་ཁང་གཞན་མེད། གོ་ལར་དཀའ་ངལ་འཕྲད་སྐབས་བྲོས་ས་གཞན་ཞིག་ང་ཚོར་མེད།  གོ་ལ་སྔོན་པོ་འདི་ཁོ་ན་ང་ཚོའི་སྡོད་ཁང་རེད། གོ་ལའི་ཚ་དྲོད་ཆེ་དྲག་ན་སྲོག་ཆགས་འཚོ་ཐབས་བྲལ།  དེར་བརྟེན་ང་ཚོས་གོ་ལའི་ཆུ་དང་ཤིང་སྣ་ཉམས་གསོ་བྱེད་དགོས་པ་ཧ་ཅང་གལ་ཆེ།  ཞེས་སོགས་ཀྱི་བཀའ་སློབ་སྩལ།  ལྷན་ཚོགས་གྲུབ་བསྟུན་བླ་ཆེན་རྣམས་ལྗགས་སྨིན་ལྷན་བཞེས་མཛད་འདུག །

Share with your friends










Submit