ཟླ་བ་ ༩ ཚེས ༢༤ ༢༠༡༩
Published By ngawang thokmey

ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༤ རེས་གཟའ་མིག་དམར།

སྐུ་པར་བདག་དབང་། དགའ་ལྡན་ཕོ་བྲང་།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༣ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲོང་ཁྱེར་བཅོམ་བརླག་ Mathura ཏུ་ཧིན་དུའི་བླ་ཆེན་ Swami Karshni Gurusharanandaji Maharaj, Swami Chidanand Saraswati སོགས་དང་ལྷན་སྒོམ་སྒྲུབ་ཀྱི་ཉམས་བཞེས་མཛད་འདུག 

དེ་རྗེས་ཆུ་བོ་ཡ་མུ་ནའི་ངོགས་སུ་བླ་ཆེན་ཁོང་རྣམ་གཉིས་སོགས་དང་ལྷན་ཧིན་དུའི་སྲོལ་རྒྱུན་ལྟར་མར་མེའི་མཆོད་པ་ཕུལ་འདུག སྐབས་དེར་གསར་འགོད་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དེང་སྐབས་འཛམ་གླིང་གི་གནས་སྟངས་དང་བསྟུན་ན་རྒྱ་གར་སྲོལ་རྒྱུན་རིག་གནས་ཀྱི་ཆ་གང་འདྲ་ཞིག་འཚམས་ཤོས་ཡིན་མིན་གྱི་དྲི་བར་བཀའ་ལན་སྩལ་དོན། 

སྐུ་པར་བདག་དབང་། དགའ་ལྡན་ཕོ་བྲང་།

འཛམ་གླིང་ནང་འཚེ་བའི་བྱ་སྤྱོད་ཤུགས་ཆེ་འཕེལ་བཞིན་པ་དེ་དག་འགོག་ཐུབ་མཁན་ནི་རྒྱ་གར་སྲོལ་རྒྱུན་ནས་དར་བའི་འཚེ་མེད་ཞི་བ་དང་སྙིང་རྗེའི་ཉམས་ལེན་ཉག་གཅིག་ཡིན་པ་ངོས་ལ་ངེས་པ་བརྟན་པོ་རྙེད་བྱུང་། ང་ཚོ་ཚང་མ་སྐྱེ་འཆིའི་གནས་སྟངས་གང་གི་ཆ་ནས་མི་གཅིག་གྱུར་རེད། དེར་བརྟེན་རྒྱ་གར་ནང་ལོ་ངོ་སྟོང་གི་གོང་ནས་དར་སྲོལ་ཡོད་པའི་མིའི་གཞི་རྩའི་བཟང་སྤྱོད་ཀྱི་རིན་ཐང་དེ་དག་གོང་མཐོར་གཏོང་རྒྱུའི་ཐད་ང་ཚོས་དོ་སྣང་མང་ཙམ་སྤྲད་དགོས། ཞེས་བཀའ་ལན་སྩལ།

དེ་རྗེས་ལྷ་ཁང་དུ་ཕྱིར་༸ཞབས་སོར་འཁོད་མཚམས་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་བཞུགས་ཡུལ་སྐྱེད་མོས་ཚལ་གྱི་རྒྱལ་སྒོ་གསར་བཞེངས་ལ་རབ་གནས་བཀའ་དྲིན་བསྐྱངས།  སྐྱེད་མོས་ཚལ་གྱི་རྟེན་གཙོ་ཐུབ་པའི་སྐུ་བརྙན་གྱི་དྲུང་དུ་གུས་པ་ཆེན་པོས།

སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་།།

བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་།།
བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན་པ་ཡིས།།
བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག ། ཅེས་ཐུགས་སྨོན་མཛད་པ་དང་སྦྲགས། སྤྱིར་སྐུ་བརྙན་བཞེངས་པ་ལེགས་ཀྱང་གསུང་བྱོན་མི་སྲིད། དེར་བརྟེན་སྟོན་པའི་གསུང་ལ་སློབ་སྦྱོང་བྱེད་སའི་ཤེས་ཡོན་གྱི་བསྟི་གནས་ཁང་གསར་འཛུགས་ཐུབ་ཚེ་དགེ་མཚན་ཆེ་སྐོར་བཀའ་སློབ་སྩལ། 

སྐུ་པར་བདག་དབང་། དགའ་ལྡན་ཕོ་བྲང་།

དེ་ནས་དབང་ཕྱུག་ཆེན་པོའི་ལྷ་ཁང་དུ་ཆིབས་སྒྱུར་བསྐྱངས་ནས་དྲག་པོའི་སྦྱིན་སྲེག་གི་ཆོ་ག་བཏོན་སར་ལྷན་ཞུགས་མཛད། སྦྱིན་སྲེག་གི་ཆོ་ག་ལེགས་པར་གྲུབ་མཚམས་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས་ནས་གསར་འགོད་པ་ཁག་གཅིག་གི་དྲི་བར་བཀའ་ལན་སྩལ་འདུག སྐབས་དེར་རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གོང་ནས་དར་སྲོལ་ཡོད་པའི་འཚེ་མེད་ཞི་བ་དང་སྙིང་རྗེའི་ཉམས་ལེན་ནི་དེང་འཐེན་འཁྱེར་ཧ་ཅང་ཆེ་བའི་འཛམ་གླིང་ནང་དགོས་མཁོ་ཧ་ཅང་ཡོད་པ་གཟིགས་སྐོར་དང་།  ཉམས་བཞེས་དེ་དག་ལ་བརྟེན་ནས་འཛམ་གླིང་ནང་ཆོས་ལུགས་མཐུན་སྒྲིལ་ཡོང་ཐུབ་པ། རྒྱལ་ཁབ་ཡར་རྒྱས་ལའང་ཕན་པ། རྒྱ་གར་གྱིས་དམག་འཐབ་སྤོང་བའི་འཛམ་གླིང་ཞིག་སྐྲུན་རྒྱུའི་ཐོག་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལས་འགུལ་སྤེལ་དགོས་པ་བཀའ་སློབ་སྩལ།  

ཕྱི་དྲིལ་པར་པ་ཕན་བདེ།

དེང་དུས་ཤེས་ཡོན་རྐྱང་པས་མིའི་བསམ་བློ་ཞི་བདེ་བག་ཕེབས་བཟོ་མི་ཐུབ་པར་བརྟེན།  རྒྱ་གར་སྲོལ་རྒྱུན་ནས་དར་བའི་བློའི་རྣམ་གཞག་དང་བྱེད་ལས།  ཆགས་སྡང་སོགས་ཉོན་མོངས་པའི་བློར་གཉེན་པོ་བསྟེན་ཕྱོགས་སོགས་སེམས་ཁམས་རིག་པའི་ལྟ་གྲུབ་དང་འབྲེལ་བའི་ལེགས་བཤད་དེ་དག་དེང་དུས་ཚན་རིག་དང་འཕྲུལ་ཆས་རིག་པ་བཅས་གནའ་དེང་ཟུང་འབྲེལ་ཐུབ་པར་རྒྱ་གར་གྱིས་འགན་ཁུར་རྐང་བཞེས་དགོས་སྐོར་བཀའ་སློབ་སྩལ། ལྟ་གྲུབ་མི་འདྲ་ཡང་རྒྱ་གར་ནང་གི་ཆོས་ལུགས་གཙོ་ཆེ་བ་ཚང་མས་གཙོ་བོ་གཤིས་རྒྱུད་དང་འབྲེལ་བའི་རིན་ཐང་སྐོར་གསུང་གི་ཡོད་སྟབས་འཆམ་མཐུན་གྱི་ཁོར་ཡུག་སྐྲུབ་ཐུབ་ཡོད། འཚེ་མེད་ཞི་བ་དང་སྙིང་རྗེ་དེ་དག་ཁོང་ཁྲོའི་གཉེན་པོ་ཡིན་སྟབས་ཕྲུ་གུར་ཆུང་དུས་སྐབས་ནས་སློབ་གསོ་སྤྲད་དགོས་གལ་དང་། ཕྲུ་གུ་ཆུང་ཆུང་བུ་གསོ་ཁང་ནས་མཐོ་སློབ་མ་བསྒྲིམ་བར་རིན་ཐང་དེ་དག་གི་སློབ་གསོ་སྤེལ་དགོས་གལ་དང་།  སློབ་གསོ་དེ་དག་ཆོས་དང་འབྲེལ་ནས་སྤེལ་བ་དེ་འདྲ་མིན་པར་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་སྤེལ་དགོས། ཆོས་བྱེད་མིན་གང་ཟག་སྒེར་གྱི་རང་དབང་རེད།  འོན་ཀྱང་བསམ་བློ་ཞི་བདེ་བག་ཕེབས་ནི་འགྲོ་བ་མི་རིགས་ཡོངས་རྫོགས་ལ་དགོས་མཁོ་ཡོད་པ་ཞིག་ཡིན་སྟབས་སློབ་གསོ་དེ་དག་ཆོས་དང་མ་འབྲེལ་བར་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་སྤེལ་དགོས་གལ་བཀའ་ལན་སྩལ། 

ཕྱི་དྲིལ་པར་པ་ཕན་བདེ།

སྐབས་དེར་ཧིན་དུའི་བླ་ཆེན་མཆོག་གིས་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འགྲོ་བ་མི་རིགས་ཀུན་གྱི་བདེ་སྡུག་ལ་དགོངས་བཞེས་རླབས་ཆེན་མཛད་བཞིན་པའི་མཛད་རྗེས་ལ་བསྔགས་བརྗོད་ཀྱི་མེ་ཏོག་ལན་བརྒྱར་བཏོར་བ་དང་སྦྲགས། མགོན་པོ་མཆོག་གི་༸སྐུའི་གསང་གསུམ་གྱི་ཡོན་ཏན་ལ་གུས་འདུད་རྒྱ་ཆེ་ཞུས་འདུག་པ་བཅས། །

Share with your friends










Submit