ཟླ་བ་ ༩ ཚེས ༢༡ ༢༠༡༩
Published By ngawang thokmey

ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༡ རེས་གཟའ་སྤེན་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལི་ཏཱཇ་གསོལ་མགྲོན་ཁང་དུ་ཚོང་དོན་སྒྲིག་འཛུགས་ཀྱི་འགོ་གཙོ་དང་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་གཅིག་ལ་བླང་དོར་བཀའ་སློབ་སྩལ་འདུག  སྐབས་དེར་གཞི་རྩའི་འགྲོ་བ་མིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་དང་། མི་རྣམས་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཡིན་སྟབས། རང་གི་བདེ་སྡུག་དེ་གཞན་ལ་བརྟེན་དགོས་པ་ཆགས་ཡོད། དེར་བརྟེན་རང་ཉིད་གཅིག་པུ་མ་གཏོགས་གཞན་གྱི་བདེ་སྡུག་ཡལ་བར་དོར་ཚེ་རང་ཉིད་ལ་བདེ་བ་དང་སེམས་ནང་ཞི་བདེ་ཡོང་ཤེས་ཐབས་མེད་ཅིང་། དེ་ལས་ལྡོག་སྟེ་གཞན་དོན་གཙིགས་ཆེར་འཛིན་པ་ཡིན་ན་རང་དོན་ཞོར་ལ་བསྒྲུབ་རྒྱུ་ཡིན་སྐོར་དང་།  ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པ་ལས་ང་ཚོ་དང་ཁོ་པ་ཚོ། ཞེས་རང་ཕྱོགས་དང་གཞན་ཕྱོགས་ཀྱི་ལྟ་ཚུལ་བཟུང་ཚེ་དཀའ་ངལ་འཕྲད་ངེས་ཡིན་སྟབས།  འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་པ་ཚང་མས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འདོད་པ་ལྟར་བདེ་སྐྱིད་བསྒྲུབ་རྒྱུའི་ཐོབ་ཐང་ཡང་ཚང་མར་གཅིག་མཚུངས་ཡོད། 

གང་ཉིད་མི་སུ་འདྲ་ཞིག་དང་ཐུག་སྐབས་འགྲོ་བ་མི་གཅིག་གྱུར་ཡིན་དགོངས་པ་མ་གཏོགས་གང་ཉིད་གཞན་ལས་ཁྱད་འཕགས་ཡིན་བསམ་པ་དང་། ལྷག་པར་ཏཱ་ལའི་བླ་ཡིན་བསམ་པའི་འདུ་ཤེས་རྩ་བ་ནས་མེད་སྟབས། གཞན་སུ་དང་ཐུག་སྐབས་རང་བཞིན་གྱིས་སེམས་ནང་སྤྲོ་སྣང་དང་འཆམ་མཐུན་ཡོང་གི་ཡོད་སྐོར་བཀའ་སློབ་སྩལ། དེ་བཞིན་ང་ཚོ་ཐོག་མར་མའི་མངལ་ནས་བཙའ་སྐབས་སུའང་མས་མཐའ་གཅིག་ཏུ་བྱམས་བརྩེས་བསྐྱངས་ཤིང་། གལ་ཏེ་མའི་བྱམས་བརྩེ་མེད་ན་ང་ཚོ་གསོན་པོར་གནས་ཐབས་བྲལ་བར་བརྟེན། བྱམས་བརྩེ་ནི་མིར་ཧ་ཅང་དགོས་མཁོ་ཡོད་པ་ཞིག་ཡིན་སྐོར་དང་། སྤྱིར་མི་ལ་སྲོག་ཆགས་གཞན་ལས་ལྷག་པའི་རྣམ་དཔྱོད་ཀྱི་ཤེས་རབ་ཡོད་ཀྱང་། རྣམ་དཔྱོད་ཀྱི་ཤེས་རབ་དེ་དག་མཐུན་ཕྱོགས་དང་བཟང་ཕྱོགས་སུ་འགྲོ་རྒྱུའི་ཚབ་ཆགས་སྡང་གི་གཞན་དབང་དུ་སོང་བར་བརྟེན། སྤྱི་ཚོགས་ནང་མི་དགོས་པའི་རྙོག་གྲ་སོགས་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད་པ་དང་། ཕྱིའི་རྣམ་འགྱུར་དེ་འཛུམ་མདངས་ལྡན་པ་ཞིག་བྱུང་ན་གཞན་གྱིས་དགའ་མོས་བྱ་རྒྱུ་དང་།  མི་ཚེ་སྐྱིད་པ་ཞིག་ཡོང་བར་ཕན་ཐོགས་ཡོད་སྐོར། དེ་ལས་ལྡོག་སྟེ་དུས་རྟག་ཏུ་འཇིགས་སྣང་དང་ཁོང་ཁྲོ་ལངས་ནས་བསྡད་པ་ཡིན་ན་རང་གི་ལུས་པོའི་འཕྲོད་བསྟེན་ལའང་གནོད་རྒྱུ་ཡིན་སྐོར།

དེ་བཞིན་རྒྱ་གར་གནའ་རབས་སེམས་ཁམས་རིག་པའི་རྣམ་གཞག་སྐོར་གྱི་ལེགས་བཤད་དེ་དག་བོད་དུ་ལོ་ངོ་སྟོང་གི་རིང་ནས་གཅེས་ཉར་བྱས་ཡོད་པ་དང་། ལེགས་བཤད་དེ་དག་རྩ་བའི་འབྱུང་ཁུངས་རྒྱ་གར་འཕགས་ཡུལ་འདི་ཉིད་ཡིན་ཞིང་། དེང་སྐབས་འཛམ་གླིང་ནང་ལེགས་བཤད་དེ་དག་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཧ་ཅང་ཡོད་སྟབས། མགོན་པོ་གང་ཉིད་ནས་ད་ཆ་རྒྱ་གར་ནང་ལེགས་བཤད་དེ་དག་སླར་གསོ་ཡོང་ཐབས་མཛད་བཞིན་ཡོད་པ་དང་། རྒྱ་གར་གཞོན་སྐྱེས་གཙོ་གྱུར་རྒྱ་གར་བ་མང་པོས་ཧ་ཅང་དོ་སྣང་གནང་བཞིན་ཡོད་སྐོར་དང་། དེང་དུས་ཤེས་ཡོན་ལམ་ལུགས་དེ་གཙོ་ཆེར་ཕྱི་དངོས་པོའི་མཐུན་རྐྱེན་ལ་དམིགས་ཤིང་ནང་གི་གཤིས་རྒྱུད་དུལ་ཐབས་ཞི་གནས་དང་ལྷག་མཐོང་སོགས་ལ་སྣང་མེད་དུ་གཏོང་བཞིན་པ་དེར་འགྱུར་བཅོས་གཏོང་དགོས་པའི་དགེ་སྐུལ་མཛད་འདུག

སང་ཕྱི་ཚེས་ ༢༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཧིན་དུའི་གནས་ཆེན་གྲོང་ཁྱེར་བཅོམ་བརླག་ Mathura ཏུ་ Sri Udasin Karhni Ashram  ཞེས་པར་གནས་གཟིགས་དང་བཀའ་སློབ་སྩལ་རྒྱུ་ཡིན་འདུག་པ་བཅས། ། 

 

Share with your friends










Submit