Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༥ རེས་གཟའ་ཕུར་བུ། 

 

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨེ་ཤི་ཡའི་དད་ལྡན་པ་ཁག་གཅིག་ནས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས།  ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༥ ཉིན་གྱི་སྔ་དྲོ་ཆོས་འབྲེལ་ཉིན་གཉིས་པར་མགོན་པོ་གང་ཉིད་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨིན་ཌོ་ནེ་ཤི་ཡ་དང་། ཀོ་རི་ཡ། མ་ལེ་ཤི་ཡ། སིངྒ་པུར། ཐའེ་ལན་ཌི། ཝི་ཏི་ནམ་སོགས་ཨེ་ཤི་ཡའི་ཡུལ་གྲུ་ཁག་གི་དད་ལྡན་ཆོས་ཞུ་བ་ ༨༥༠ ལྷག་ཙམ་གཙོ་བོར་གྱུར་པའི་འཛམ་གླིང་ཡུལ་གྲུ་ཁག་ ༦༩ ནས་མི་གྲངས་ ༥༨༠༠ ཐམ་པ།  དེ་བཞིན་རང་རིགས་ཆོས་ཞུ་བ་བཅས་ཁྱོན་མི་གྲངས་ ༧༠༠༠ ལྷག་ཙམ་ལ་ཐོག་མར་བཀའ་སློབ་སྩལ་དོན།

ཁ་སང་སྤྱི་བཤད་ཞུས་པ་རེད། དེ་རིང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བཤད་པ་དང་། ངོས་ཀྱིས་ནམ་རྒྱུན་ཆོས་འགྲེལ་བྱེད་སྐབས་བླ་མ་ཡིན་ཞེས་ཁྲི་མཐོན་པོ་ཞིག་གི་སྟེང་བསྡད་ནས་མར་བྱིན་རླབས་ཆེ་མདོག་ཁ་པོ་བྱས་པ་དེས་སྐབས་རེ་དགོས་པ་དང་ཕན་ཐོགས་ཡོད་ཀྱང་།  སྤྱི་ཡོངས་ནས་ངོས་ཀྱིས་གཞན་དང་ཐུག་ནས་ནང་ཆོས་འགྲེལ་བཤད་རྒྱག་སྐབས་འཛིན་གྲྭ་ཚུགས་པའི་འདུ་ཤེས་ཐོག་ནས་ཕྱིན་པ་ཡིན་ན་དགེ་མཚན་ཆེ་བ་ལྟ་བུ་འདུག  

དེར་བརྟེན་དེ་རིང་ངོས་ཀྱིས་འགྲེལ་བཤད་རྒྱག་རྗེས་དྲི་བ་དྲི་ལན་བྱས་ན་བསམ་པ་དྲན་བྱུང་། ཁྱེད་རང་ཚོར་སྐད་སྒྱུར་མང་པོ་ཡོད་སྟབས། སྐད་ཀྱི་དཀའ་ངལ་གང་ཡང་མེད།  དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་ཞེས་པའི་རྩ་བ་འདི་གསང་འདུས་རྩ་རྒྱུད་ཀྱི་ཚིག དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་བོ་ཁམས་དང་སྐྱེད་མཆེད་དང་། ཞེས་སོགས་ཤོ་ལོ་ཀ་གཅིག་ལྷག་ཙམ་གྱི་དོན་དག་འགྲེལ་བཤད་རྒྱག་གི་ཡོད་པ་རེད། བྱང་ཆུབ་སེམས་འགྲེལ་ནི་གསང་འདུས་རྩ་རྒྱུད་ཀྱི་ཚིག་རེད། གསང་བ་འདུས་པའི་སྐོར་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་རང་གི་ཉམས་བཞེས་ཏན་ཏན་གནང་གི་རེད། གང་ལྟར་མགོན་པོ་ཀླུ་སྒྲུབ་ཀྱིས་གསང་བ་འདུས་པའི་བསྐྱེད་རིམ་སྐོར་མདོར་བྱས་མཛད་ཡོད།

ང་ཚོས་བདག་བསྐྱེད་འདོན་པའི་སྐབས་ཧ་ལམ་མདོར་བྱས་སྐོར་ལ་བསམ་བློ་གཏང་ནའང་འགྲིག་པ་ལྟ་བུ་འདུག དེ་ནས་རྩ་རྒྱུད་ཀྱི་ཁུངས་དང་སྦྱར་ནས་མདོ་བསྲེ་ཟེར་རྒྱུ་འདི་གསུང་པ་རེད། མགོན་པོ་ཀླུ་སྒྲུབ་ཀྱི་སྲས་ཀྱི་མཐུ་བོའི་གྲས་ཕལ་ཆེར་སློབ་དཔོན་ཀླུ་བྱང་ཡིན་པ་ཡོད། ཁོང་གིས་རྣམ་གཞག་རིམ་པའི་རྣམ་བཤད་གསུངས་ཏེ་སྐྱེ་འཆི་བར་དོ་གསུམ་འགྲེལ་བཤད་བརྒྱབ་ནས་སྐུ་གསུམ་ལམ་འཁྱེར་གྱི་གནས་དེ་དག་ཧ་ཅང་ཡག་པོ་གསུང་འདུག

དེ་ནས་གསང་བ་འདུས་པའི་རྫོགས་རིམ་སྐོར་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་རིམ་ལྔ་མཛད་ཡོད། རིམ་ལྔའི་དོན་འགྲེལ་སློབ་དཔོན་འཕགས་པ་ལྷས་སྤྱོད་བསྡུས་མཛད་ཡོད། གསང་འདུས་རྩ་རྒྱུད་ཀྱི་འགྲེལ་བ་དཔལ་ལྡན་ཟླ་བ་གྲགས་པས་འགྲེལ་པ་སྒྲོན་གསལ་ཞེས་པ་དེ་མཛད་ཡོད། གང་ལྟར་ཀླུ་སྒྲུབ་ཡབ་སྲས་དེ་དག་གིས་གསང་བ་འདུས་པའི་སྐོར་ལ་ལེགས་བཤད་དམིགས་བསལ་མང་པོ་བཞག་གནང་འདུག སྤྱིར་གསང་སྔགས་དང་དེའི་ནང་ནས་གསང་སྔགས་བླ་མེད་ཀྱི་ལམ་གྱི་འགྲོ་སྟངས་སྐོར་ལ་ལེགས་བཤད་དེ་དག་ཧ་ཅང་གལ་ཆེན་པོ་ཆགས་ཡོད། འཕགས་པ་ལྷས་སྤྱོད་བསྡུས་ནི་ཧ་ཅང་གལ་ཆེན་པོ་རེད་འདུག དེར་བརྟེན་གསང་བ་འདུས་པ་ནི་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས་ཐུན་མོང་མ་ཡིན་པ་གནང་འདུག ངོས་ཀྱིས་བྱང་ཆུབ་སེམས་འགྲེལ་གྱི་ལུང་རིན་པོའི་སྐུ་མདུན་ནས་ཞུས་པ་རེད།

མཁན་ཆེན་ཞི་བ་འཚོས་ཁྱེད་རང་ཚོར་བོད་ཡིག་ཟུར་དུ་ཡོད་སྟབས། ནང་ཆོས་བསླབ་པར་ལེགས་སྦྱར་གྱི་ཡི་གེ་ནང་ཡོད་པ་དེ་དག་བོད་ཡིག་ནང་བསྒྱུར་ཞེས་བསམ་ཡས་སུ་སྒྲ་བསྒྱུར་ལོ་པཎ་གླིང་ཞེས་བསྟན་བཅོས་བསྒྱུར་སའི་སྡེ་ཚན་ཞིག་བཟོས་འདུག མཁན་ཆེན་ཞི་བ་འཚོས་ལེགས་སྦྱར་གྱི་གཞུང་ནང་ཡོད་པ་དེ་དག་བོད་ཡིག་ནང་བསྒྱུར་ཏེ་བོད་སྐད་རང་གི་ཐོག་སློབ་གཉེར་གནང་ཐུབ་ན་ཡག་པོ་ཡོད་པ་རེད། ཅེས་བཀའ་སློབ་དེ་ལྟར་གནང་བ་རེད།

 

ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གཙོ་བོར་གྱུར་པའི་འབྲེལ་ཡོད་ལོ་པཎ་རྣམས་ཀྱིས་ཐུགས་ཁུར་སྐྱེས་ནས་བཀའ་འགྱུར་པོ་ཏི་བརྒྱ་ཙམ་དང་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་ཙམ་བཅས་བོད་ཡིག་ནང་ཆ་ཚང་ཡོད་སྟབས། གཞུང་ཆེ་བ་དེ་དག་བོད་ཡིག་ནང་ཡོད་པ་མཁན་ཆེན་ཞི་བ་འཚོས་བཀའ་སློབ་གནང་བའི་བཀའ་དྲིན་རེད་འདུག དེ་བཞིན་ང་ཚོ་བོད་ཀྱི་མེས་པོ་ཚོས་བསམ་པ་རྣམ་དག་གིས་མདོ་རྒྱུད་བསྟན་བཅོས་གཞུང་མང་པོ་ཞིག་བོད་ཡིག་ནང་ཚུར་བསྒྱུར་བ་ཙམ་དུ་མ་ཟད། དེ་དག་གི་དགོངས་འགྲེལ་བོད་རང་གིས་བརྩམས་པ་ཧ་ཅང་མང་པོ་ཡོད། དུས་ད་ལྟ་བར་དུ་ང་ཚོ་བོད་ཀྱི་མེས་པོ་ཚོས་དངོས་འབྲེལ་མི་རབས་ནས་མི་རབས་སངས་རྒྱས་ཀྱི་ལུང་རྟོགས་ཀྱི་བསྟན་པ་འདི་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་གནང་བ་དེ་ལྟར་ཡིན་པ་རེད།

དེ་སྔ་ང་ཚོ་བོད་ལ་ཡོད་དུས་ཕྱི་ལ་འབྲེལ་བ་ཉུང་ངུ་རེད། ང་ཚོ་བཙན་བྱོལ་བ་ཆགས་ནས་འབྲེལ་བ་རྒྱ་ཆེན་པོ་བྱེད་ཐུབ་པ་བྱུང་བ་རེད། དེ་སྔ་བོད་གངས་ཅན་པའི་ཡི་གེ་ནང་ཡོད་པའི་གཞུང་མང་པོ་ཞིག་དེང་སྐབས་རྒྱ་ཡིག་དང་། ཨིན་ཇི། ཕ་རན་སི། འཇར་མན། ཨུ་རུ་སུ། སོག་པོ། ཀོ་རི་ཡ་སོགས་སྐད་ཡིག་མང་པོའི་ནང་རིམ་པས་ཐོན་ཡོང་གི་འདུག མཁན་ཆེན་ཞི་བ་འཚོའི་ལམ་སྟོན་འོག་བོད་ཀྱི་མེས་པོ་དེ་དག་གིས་བདག་པོ་བརྒྱབ་ནས་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་ལུང་རྟོགས་ཀྱི་བསྟན་པ་སོས་པ་ཞིག་ཉར་ནས་ཡོད་པ་འདི་དེང་སྐབས་འཛམ་གླིང་སྤྱི་ཡོངས་ཐོག་ནས་བཤད་པ་ཡིན་ན། འཛམ་གླིང་གི་གཅེས་ནོར་ལྟ་བུ་ཕལ་ཆེར་ཆགས་ཀྱི་ཡོད། བྱེ་བྲག་ཏུ་འཛམ་གླིང་འདིའི་སྟེང་ཡོད་པའི་ནང་པའི་ཡུལ་གྲུ་ཁག་དེ་དག་སྟོན་པ་གཅིག་གི་རྗེས་འབྲང་པ་རེད། རྟོགས་པའི་བསྟན་པ་ཟེར་དུས་གཙོ་བོ་གཞི་ཚུལ་ཁྲིམས་དང་། དེ་ནས་ཏིང་ངེ་འཛིན། ཤེས་རབ་ལྷག་མཐོང་བཅས་བསླབ་པ་གསུམ་ཉམས་ལེན་བྱེད་རྒྱུ་འདི་སངས་རྒྱས་པའི་ཆོས་ཀྱི་རྨང་གཞིའི་འགྲོ་སྟངས་རེད།

འདིར་ཕེབས་པའི་ཐའེ་ལན་ཌི་ནང་པའི་དགེ་སློང་ཚོར་ཆ་བཞག་ན། སྡེ་སྣོད་གསུམ་དང་།  བསླབ་པ་གསུམ་གྱི་ཉམས་བཞེས་མ་ཚང་བ་མེད་པ་ཧ་ཅང་ཡག་པོ་རེད། ཁ་སྔོན་ཞུས་པ་ནང་ལྟར་ལེགས་སྦྱར་གྱི་ཆོས་བརྒྱུད་ནཱ་ལེནྡྲ་ནས་བརྒྱུད་པ་དེ་ཚོའི་ནང་ཚད་མ་རིག་པ་དེ་ཚོའི་གྲས་གཙོ་བོ་བྱས་ནས་འགྲོ་བཞིན་པ་ཆགས་འདུག ཐང་སན་བླ་མས་ནཱ་ལེནྡྲའི་ཆོས་བརྒྱུད་རྒྱ་ནག་ཏུ་སྤེལ་བ་དེ་ལྟར་རེད། འོན་ཀྱང་རྒྱ་ནག་ནང་ཚད་མའི་གཞུང་ལ་དེ་ཙམ་ཐུགས་སྣང་ཆེན་པོ་གནང་མེད་པའི་བཟོ་འདྲ་ཞིག་འདུག བོད་གངས་ཅན་ལ་ཚད་མའི་གཞུང་དེ་དག་ལ་སློབ་སྦྱོང་དང་དོ་སྣང་ཧ་ཅང་ཤུགས་ཆེན་པོ་གནང་བ་དང་། རིམ་པས་བསྟན་པ་ཕྱི་དར་སྐབས་སུ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་ཚད་མ་རིགས་གཏེར་མཛད་པ་རེད། དེ་སྔ་ས་སྐྱའི་ཆོས་བརྒྱུད་འཛིན་མཁན་ནང་གཞུང་ཆེན་སློབ་སྦྱོང་བྱེད་རྒྱུ་དར་སྲོལ་ཆེན་པོ་འདུག

དེ་ནས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དབུས་ལ་ཕེབས་ཏེ་དབུས་ཁུལ་ལ་ཡོད་པའི་ཆོས་སྡེ་གཙོ་ཆེ་བ་ཚང་མ་གྲྭ་སྐོར་སློབ་གཉེར་གནང་ནས་སོ་སོའི་བསྟན་པའི་རང་རྐང་ཚུགས་པ་རི་བོ་དགེ་ལྡན་པ་ཞེས་གང་ལྟར་གཞུང་ཆེན་སློབ་གཉེར་དར་སྲོལ་ཆེ་ཤོས་རེད་འདུག བོད་དབུས་གཙང་དང་མདོ་སྟོད་སྨད་ས་ཁུལ་མང་པོ་ཞིག་ལ་སེ་འབྲས་དགོན་པ་དང་འབྲེལ་ཡོད་ཆགས་ནས་ཕལ་ཆེར་སློབ་གཉེར་བཟང་ཤོས་རེད་འདུག གཞུང་ཆེན་ཧ་ཅང་ཡུན་རིང་པོ་ལྟ་གི་ཡོད་པ་རེད། བོད་ལ་དེ་སྔ་དགེ་བཤེས་ཚད་ལྡན་ཞིག་གི་འོག་ཕལ་ཆེར་ལོ་ཉི་ཤུ་སུམ་ཅུ་རིང་སློབ་སྦྱོང་བྱེད་དགོས། གང་ལྟར་གཞུང་ཆེན་ལྟ་རྒྱུ་འདི་བོད་ལ་ཧ་ཅང་དར་སྲོལ་ཆེན་པོ་བྱུང་བ་རེད། རྒྱ་གར་གྱི་གཞུང་མདོ་རྒྱུད་བསྟན་བཅོས་ཡོད་པ་དེ་དག་བོད་ཡིག་ནང་ཚུར་སྒྱུར་ཡོང་དུས་བསྟན་བཅོས་ཁུངས་བཙན་པ་བཤད་པའི་ཆེད་མགོ་དེར་རྒྱ་གར་སྐད་དུ་ཟེར་རྒྱུ་འདི་རྗོད་ཀྱི་ཡོད་པ་རེད། བཀའ་བསྒྱུར་ནང་རྒྱ་ནག་སྐད་དུ་ཞེས་ཕལ་ཆེར་ཁ་ཤས་ཡོད་པ་རེད། གཞན་མང་ཆེ་བ་ཚང་མ་ལེགས་སྦྱར་སྐད་ནས་ཚུར་བསྒྱུར་ཡོད། དེར་བརྟེན་མགོ་དེར་རྒྱ་གར་སྐད་སྨོས་པ་དེ་ལྟར་རེད། ཅེས་བཀའ་སློབ་སྩལ། །

Share with your friends










Submit