ཟླ་བ་ ༩ ཚེས ༤ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༤ རེས་གཟའ་ལྷག་པ། 

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨིན་ཌོ་ནེ་ཤི་ཡ་དང་། ཀོ་རི་ཡ། མ་ལེ་ཤི་ཡ། སིངྒ་པུར། ཐའེ་ལན་ཌི། ཝི་དི་ནམ་སོགས་ཨེ་ཤི་ཡའི་ཡུལ་གྲུ་ཁག་གི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༤ ནས་ ༦ བར་ཉིན་གྲངས་གསུམ་གྱི་རིང་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། བྱང་ཕྱོགས་སོ་བདུན། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་བཅས་ཀྱི་ཆོས་འབྲེལ་དབུ་འཛུགས་མཛད་སོང་།

དེ་ཡང་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨།༣༠  ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨེ་ཤི་ཡའི་དད་ལྡན་རྣམ་པའི་འཐུས་མིས་སྤོས་སྣེས་སྔུན་བསུས་ཏེ་ཕོ་བྲང་ནས་གདན་ཞུས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་ཞབས་སོར་འཁོད་རྗེས་འབྲེལ་ཡོད་ཆོས་ཞུ་བའི་ཆོས་ཞུ་བའི་སྐུ་ཚབ་ནས་མཎྚལ་རྟེན་གསུམ་འདེགས་འབུལ་དང་མཇལ་ཁ་ཞུས།

དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེར་འདུས་ཨིན་ཌོ་ནེ་ཤི་ཡ་དང་། ཀོ་རི་ཡ། མ་ལེ་ཤི་ཡ། སིངྒ་པུར། ཐའེ་ལན་ཌི། ཝི་དི་ནམ་སོགས་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་དད་ལྡན་ཆོས་ཞུ་བ་ ༨༥༠ ལྷག་ཙམ་གཙོ་བོར་གྱུར་པའི་འཛམ་གླིང་ཡུལ་གྲུ་ཁག་ ༦༩ ནས་མི་གྲངས་ ༥༨༠༠ ཐམ་པ།  དེ་བཞིན་རང་རིགས་ཆོས་ཞུ་བ་བཅས་ཁྱོན་མི་གྲངས་ ༧༠༠༠ ལྷག་ཙམ་ལ་བཀའ་སློབ་སྩལ་དོན། རྡ་རམ་ས་ལར་ང་རང་ཚོ་ཡང་བསྐྱར་འཛོམས་པ་རེད། ཁྱེད་རང་ཚོ་ཚང་མ་ཆེད་མངགས་འདིར་ཡོང་བར་བརྟེན་དགའ་བསུ་དང་འཚམས་འདྲི་ཡོད། འཛམ་གླིང་ཤར་ལྷོ་ཡུལ་ཁག་དེ་དག་ཕ་མེས་ནས་ནང་ཆོས་དར་བ་ཞིག་རེད། ཁྱེད་རང་ཚོས་དོན་གཉེར་ཆེན་པོ་བྱས་ཏེ་འདིར་ཆོས་འབྲེལ་བྱེད་རྒྱུ་རེད། དེ་རིང་འདིར་ཐེངས་འདིའི་ཆོས་འབྲེལ་བྱེད་རྒྱུ་ཡིན། ཁྱེད་རང་ཚོ་གྲ་སྒྲིག་བྱེད་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་ཟེར་གྱི་ཡིན། ང་ཚོ་ནི་ནང་པ་སངས་རྒྱས་པའི་ཆོས་བྱེད་མཁན་ཡིན་པ་རེད།

འཛམ་གླིང་འདིའི་སྟེང་ཆོས་ལུགས་མང་པོ་ཡོད་པ་དེ་དག་ལ་ལྟ་གྲུབ་མི་འདྲ་བ་ཡོད། འོན་ཀྱང་ཆོས་ལུགས་ཚང་མའི་བསླབ་བྱ་གཙོ་བོ་ནི་བྱམས་པ་དང་བརྩེ་བ། བཟོད་པ། ཆོག་ཤེས། རང་ཁྲིམས་རང་སྲུང་ཟེར་རྒྱུའི་གྲས་ནི་ཆོས་ལུགས་ཚང་མས་ཤོད་ཀྱི་འདུག དེ་ལྟར་ཡིན་པ་མ་ཟད་ཡིན་དགོས་པའང་རེད། མིར་སྐྱེས་པའི་ཉིན་མོ་ནས་བཟུང་བརྩེ་བ་ཟེར་རྒྱུ་འདི་ཧ་ཅང་གལ་ཆེན་པོ་རེད་འདུག བརྫུས་སྐྱེས་ཟེར་རྒྱུ་དེ་འདྲ་ཡོད་པ་ཡིན་ན་གང་ཤེས། ཐོག་མར་འཛམ་གླིང་ཆགས་པའི་སྐབས་ཕལ་ཆེར་བརྫུས་སྐྱེས་ལྟ་བུ་རེད། དེ་མིན་མངལ་སྐྱེས་དང་སྒོང་སྐྱེས་དེ་དག་མ་དང་བུ་ཕྲུག་གི་བརྩེ་བ་ཚང་མ་ལ་འདུག དེར་བརྟེན་ང་ཚོ་མི་ཡང་མ་ལས་བཙའ་བ་རེད། མས་བསྐྱངས་ནས་ང་ཚོ་གསོན་པ་རེད། དེ་ནས་འཚར་ལོངས་ཡོང་གི་ཡོད་པ་རེད།  མིའི་རང་བཞིན་ལྷན་སྐྱེས་བརྩེ་བ་ཟེར་རྒྱུ་འདི་མི་ལ་འབྲེལ་བ་ཧ་ཅང་ཡོད་པ་དང་། གང་ལྟར་མི་འཚོ་རྒྱུའི་རྩ་བ་ནི་བརྩེ་བར་ཐུག་པའི་བཟོ་འདྲ་ཞིག་འདུག 

དེར་བརྟེན་ཆོས་ལུགས་ཁག་དེ་དག་མིའི་ཆོས་ལུགས་རེད། མིའི་ཆོས་ལུགས་ཡིན་སྟབས་མིའི་རང་བཞིན་གྱི་བརྩེ་བ་ཟེར་རྒྱུ་འདི་ལ་དགའ་བོ་བྱེད་ཀྱི་ཡོད། ང་ཚོ་ཐོག་མར་མའི་བརྩེ་བས་འཚོ་བ་རེད། དེར་བརྟེན་མིའི་སྤྱི་ཚོགས་ནང་བརྩེ་བ་ཟེར་རྒྱུ་འདི་གལ་ཆེན་པོ་ཆགས་ཡོང་དུས་ཆོས་ལུགས་ཚང་མ་མིའི་བཀོད་པ་ཟེར་ན་མི་འདུག གང་ལྟར་མིའི་སྤྱི་ཚོགས་ནང་ཆགས་པའི་ལྟ་གྲུབ་ཡིན་སྟབས། བྱམས་བརྩེ་ཟེར་རྒྱུ་འདི་ཚང་མས་གསུང་བཞིན་འདུག  བྱམས་བརྩེ་དགོས་ཀྱི་རེད་ཟེར་རྒྱུའི་སྒྲུབ་བྱེད་ནང་ལྟ་གྲུབ་མི་འདྲ་བ་ཡོང་བཞིན་ཡོད། ལྟ་གྲུབ་མི་འདྲ་བ་དེ་དག་གིས་དམིགས་ཡུལ་ནི་བྱམས་བརྩེ་གོང་འཕེལ་གཏོང་རྒྱུ་གཅིག་གྱུར་རེད་འདུག ངོས་ཀྱིས་ནམ་རྒྱུན་འདི་ལྟར་ཤོད་ཀྱི་ཡོད། དཔེར་ན་ང་ཚོས་སྨན་ཞིག་ཡར་བླངས་ནས་སྨན་འདི་ཡག་ཤོས་རེད་ཅེས་བརྗོད་ཐུབ་ཀྱི་མ་རེད། ནད་པའི་གཟུགས་པོའི་བབ་དང་ལོ་སོགས་མང་པོ་ཞིག་ལ་བལྟས་ནས་ནད་པ་འདི་ལ་སྨན་འདི་ཡག་ཤོས་རེད་ཅེས་བརྗོད་ཐུབ་ཀྱི་རེད་མ་གཏོགས་སྤྱི་ཡོངས་ཀྱི་སྨན་ཞིག་ཡར་བླངས་ནས་འདི་ཡག་ཤོས་རེད་ཅེས་བརྗོད་ཐུབ་ཀྱི་མ་རེད། 

དེར་བརྟེན་ང་ཚོའི་ཆོས་ལ་ཆ་བཞག་ནའང་མིའི་ཁམས་དང་མོས་པ། དེ་བཞིན་སངས་རྒྱས་པའི་ཆོས་ནས་བཤད་པ་ཡིན་ན་ཚེ་སྔོན་མའི་བག་ཆགས་སོགས་ཀྱིས་རྐྱེན་མི་འདྲ་བ་སྣ་ཚོགས་ཡོད་པར་བརྟེན་ཁམས་དང་མོས་པ་བག་ལ་ཉལ་མི་འདྲ་བ་ཡོད་སྟབས། ལྟ་གྲུབ་མི་འདྲ་བ་འདི་ཡོད་དགོས་པ་རེད་འདུག དཔེར་ན། བཅོམ་ལྡན་འདས་ཀྱི་རྗེས་འབྲང་གཅིག་གྱུར་ཡིན་ནའང་ལྟ་གྲུབ་མི་འདྲ་བ་ཡོང་བཞིན་ཡོད། ལྟ་གྲུབ་མི་འདྲ་བ་འདི་བཅོམ་ལྡན་འདས་རང་ཉིད་ཀྱིས་གསུང་བ་རེད། གང་ཡིན་ཞེ་ན། འདུལ་བྱའི་ཁམས་དང་མོས་པ་མི་འདྲ་བ་ཡོད་པར་བརྟེན་ལྟ་གྲུབ་གཅིག་ཁོ་ན་རན་པོ་ཞིག་ཡོང་གི་མ་རེད། དེར་བརྟེན་འཛམ་གླིང་འདིའི་སྟེང་གི་ཆོས་བརྒྱུད་དེ་དག་བྱམས་བརྩེ་འདོད་མཁན་གྱི་ལྟ་གྲུབ་གཅིག་པ་ཆགས་ཡོད། འོན་ཀྱང་བྱམས་བརྩེ་སྒྲུབ་སྟངས་སྐོར་ལ་གཙོ་ཆེ་བར་ཆ་བཞག་ན། འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ནང་དུའང་འཇིག་རྟེན་བཀོད་པ་པོ་དཀོན་མཆོན་ཟེར་མཁན་གྱི་ནང་དུ་ངོ་བོ་འཇོག་སྟངས་སོགས་མི་འདྲ་བ་འདུག སྤྱིར་ཁ་ཆེ་དང་། ཡེ་ཤུ། འཇིའུ་ལ་སོགས་པའི་ཆོས་ལུགས་མང་པོ་ཞིག་གིས་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་ཡོད། ལོ་སྟོང་ཕྲག་རིང་ལ་འཇིའུ། ཡེ་ཤུ། ཁ་ཆེ་ཆོས་ལུགས་རྣམས་ཀྱིས་མི་ལ་ཕན་ཐོགས་ངེས་ཅན་བྱུང་འདུག ཆོས་ལུགས་ཀྱི་རྐྱེན་པས་འགྲོ་བ་མི་ཕན་ཚུན་དབར་འཁྲུག་པ་རྒྱག་རྒྱུ་མང་པོ་བྱུང་བ་རེད། ད་ཆ་ཆོས་ལུགས་མི་འདྲ་བའི་རྒྱུ་མཚན་གྱི་ཐོག་ནས་ནང་ཁུལ་འཁྲུག་བཞིན་པ་དེ་འདྲ་མཐོང་ཡོང་དུས་ཆོས་ལུགས་མེད་ན་བཟང་བ་མིན་ནམ་ཞེས་ངོས་ཀྱིས་དྲན་གྱི་འདུག 

སྤྱིར་ངོས་ཀྱིས་ངོ་ཤེས་པ་ཡེ་ཤུའི་ཆོས་པ་མང་པོ་ཡོད།  ཡི་ཤུའི་ཆོས་པའི་ནང་སྤྱི་ཚོགས་ཀྱི་ཞབས་འདེགས་སྒྲུབ་རྒྱུ་དང་། མང་ཚོགས་ལ་ཕན་ཐོགས། མི་ཉམ་ཐག་ལ་རོགས་བྱེད་རྒྱུ་བཅས་ཧ་ཅང་ཡག་པོ་ཡོད་པ་རེད།   དེ་བཞིན་ཁ་ཆེ་དང་འཇིའུ་ལ་སོགས་པས་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོའི་ནང་དུ་ད་ལྟ་བཤད་མ་ཐག་པ་ནང་བཞིན་བྱམས་བརྩེ་ལག་ལེན་ལ་བསྟར་མཁན་ཡོད། སྔོན་མ་ལོ་མང་པོའི་གོང་ཕལ་ཆེར་ཕྱི་ལོ་ ༡༩༦༧ ལོར་ངོས་རང་ཐེངས་དང་པོར་ཐའེ་ལན་ལ་སླེབས་པ་རེད། དེ་དུས་ངོས་རང་ཐའེ་ལན་གྱི་སངྒ་རཱ་ཇའམ་ Sangharaja ཐའེ་ཡི་བླ་ཆེན་ Ariyavangsagatayana (Chuan Utthayi) ལགས་མཇལ་བ་རེད། དེ་དུས་ཁོང་ལ་ཞུ་རྒྱུ་བྱུང་། ཡི་ཤུའི་ཆོས་པ་ཚོས་སྤྱི་ཚོགས་ནང་ལ་ཞབས་འདེགས་བསྒྲུབས་པ་དང་། སློབ་སྦྱོང་གི་ཐོག་ལ་ཞབས་འདེགས་བསྒྲུབས་པ། དེ་བཞིན་འཕྲོད་བསྟེན་གྱི་ཐོག་ལ་ཞབས་འདེགས་བསྒྲུབས་པ་ཧ་ཅང་མང་པོ་འདུག ང་ཚོ་ནང་པའི་དགེ་སློང་དགོན་པའི་ནང་དུ་བཞུགས་པ་མ་གཏོགས་སྤྱི་ཚོགས་ནང་དུ་ཤེས་ཡོན་དང་འཕྲོད་བསྟེན་སོགས་ཀྱི་ཐོག་ཉུང་དྲག་གི་མི་འདུག་གམ་ཞེས་ཞུས་མྱོང་། ཁོང་གིས་ང་ཚོ་དགོན་པ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་གང་ལྟར་དགོན་པ་ཞེས་པའི་མིང་ནི་གྲོང་ནས་ཕར་ཐག་བསྲིངས་ནས་ཡོད་པ་ཞིག་གསུངས་ཀྱི་ཡོད་པས་ང་ཚོ་དགེ་འདུན་པ་ཚོ་གྲོང་ལས་ཐག་བསྲིངས་ནས་སོ་སོའི་བསླབ་གསུམ་གྱི་ཉམས་ལེན་བྱེད་དགོས་པ་རེད་ཅེས་གསུང་གི་འདུག དེ་ཡང་བདེན་པ་རེད།

ཡི་ཤུའི་ཆོས་ལུགས་སོགས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཧ་ཅང་ཡག་པོ་སྒྲུབ་ཀྱི་འདུག ཉེ་ཆར་ངོས་ཀྱིས་མེངྒ་ལོར་ལ་ཡི་ཤུའི་སློབ་གྲྭ་ཁག་གི་དགེ་རྒན་མང་པོ་འདུས་འདུག་པ་ དེར་བཤད་རྒྱུ་བྱུང་།  འཛམ་གླིང་ཤར་ནུབ་ལྷོ་བྱང་གང་ལྟར་འཛམ་གླིང་འདིར་ཤེས་ཡོན་སྟེང་ལ་ཞབས་འདེགས་ཤུགས་ཆེ་ཤོས་ཞུ་མཁན་ནི་ཡི་ཤུའི་ཆོས་པ་ཆགས་འདུག  སློབ་སྦྱོང་ཐོག་ལ་རོགས་བྱེད་པ་དང་ཆབས་ཅིག་ཆོས་ལུགས་སྤེལ་བའང་ཏོག་ཙམ་ཡོང་གི་ཡོད། སྔོན་མ་ངོས་ཀྱིས་བཤད་རྒྱུ་བྱུང་། ཁྱོད་རང་ཚོས་ཤེས་ཡོན་ཐོག་ལ་ཞབས་འདེགས་སྒྲུབ་པ་ནི་ཧ་ཅང་ཡག་པོ་རེད། འོན་ཀྱང་ཆོས་ལུགས་སྤེལ་བ་བྱེད་ཀྱི་འདུག ཆོས་ལུགས་རྒྱ་ཆེ་གཏིང་ཟབ་མེད་ས་ཞིག་ལ་ཡིན་ན་ཡི་ཤུའི་ཆོས་ལ་ལྟ་གྲུབ་ཡོད་པ་རེད། ས་ཁུལ་ཁུག་ཀྱོག་ཏུ་ལྷ་གསོལ་ཀླུ་གསོལ་ཙམ་བྱེད་ནས་སྡོད་པ་ལས་ཡི་ཤུའི་ཆོས་ཟབ་པ་ཡོད་པས་སྤེལ་ན་ཡག་པོ་རེད།

ཡུལ་གང་ལ་ལྟ་གྲུབ་ཀྱི་རྣམ་གཞག་ཡོད་པའི་ཆོས་བརྒྱུད་ཡོད་སར་ཆོས་ལུགས་སྤེལ་བ་ཡིན་ན། འདི་ཕྱོགས་ནས་སྤེལ་ཕར་ཕྱོགས་ནས་གདོང་ལེན་བྱས་པ་ཡིན་ན་རྗེས་ལ་འགལ་ཟླ་ཆགས་པའི་ཉེན་ཁ་ཡོད་པ་རེད་ཅེས་བཤད་མྱོང་། གང་ལྟར་ཡི་ཤུའི་ཆོས་པ་ཚོས་སྤྱི་ཚོགས་ཀྱི་ཞབས་འདེགས་བསྒྲུབས་པ་དང་། ཤེས་ཡོན་དང་འཕྲོད་བསྟེན་ཐོག་ཞབས་འདེགས་བསྒྲུབས་པ་ཧ་ཅང་ཡག་པོ་རེད། དེ་བཞིན་འཇིའུ་དང་ཁ་ཆེ་ཡང་ཧ་ཅང་ཡག་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ། 

ཐེངས་འདིའི་ཆོས་འབྲེལ་རྒྱ་སྐད་དང། ཨིན་ཇི། འཇར་མན། ཧིན་རྡི། ཉི་ཧོང་། ཀོ་རི་ཡ།  ཨུ་རུ་སུ། སི་པན། ལྦེ་ཏི་ནམ་བཅས་ཀྱི་སྐད་ཡིག་ནང་གསུང་སྒྱུར་ཞུ་བཞིན་ཡོད་པ་མ་ཟད། དྲ་ལམ་ཐོག་ནས་ཐད་ཀར་གསན་གཟིགས་ཐུབ་རྒྱུའི་མཐུན་རྐྱེན་ཡང་བསྐྲུན་འདུག་པ་བཅས། །

Share with your friends










Submit