ཟླ་བ་ ༩ ཚེས ༡༣ ༢༠༡༩
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༣ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༣ ཉིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཤངས་དགའ་ལྡན་ཆོས་འཁོར་གླིང་དང་། སྤྱི་མཐུན་མཉམ་འབྲེལ། སྨན་ཤོད་གོ་འཇོ་མི་མང་། འབྲུག་སྡོད་བོད་མི། མདོ་སྟོད་ཆུ་བཞི་སྒང་དྲུག ཞབས་ཟུར་རབ་སྒང་བསོད་ནམས་དཔལ་འབྱོར་ནང་མི་བཅས་ནས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། མགོན་པོ་གང་ཉིད་མཆོག་སྐུ་ཚེ་མི་འཇིག་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་སྨིན་གླིང་གཏེར་བདག་གླིང་པའི་གཏེར་ཆོས་ཀྱི་ནང་ནས་ཚེ་སྒྲུབ་ཡང་སྙིང་ཀུན་བསྡུས་ཀྱི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་སྐྱབས་རྗེ་གྱང་ཁང་སྤྲུལ་སྐུ་རིན་པོ་ཆེ་མཆོག་དང་། དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག འཛི་སྒར་རིན་པོ་ཆེ་མཆོག ས་སྐྱ་གདོང་ཚང་ཞབས་དྲུང་རིན་པོ་ཆེ་མཆོག སྨན་རི་དཔོན་སློབ་རིན་པོ་ཆེ་མཆོག སྨིན་གླིང་མཁོ་ཁྱིམ་རིན་པོ་ཆེ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། བོད་མི་མང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན། གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་གྲྭ་བཙུན་སྔགས་གསུམ། དེ་བཞིན་མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་ལྷན་འཛོམས་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནས་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲིར་༸ཞབས་སོར་བདེ་བར་འཁོད་པ་དང་བསྟུན་བཀའ་སློབ་སྩལ་དོན།

འདི་གར་བརྟན་བཞུགས་ལ་ཆེད་མངགས་ཕེབས་པའི་སེར་སྐྱ་འབྲེལ་ཡོད་ཚང་མར་འཚམས་འདྲི་ཞུ་གི་ཡོད། དེ་རིང་འདིར་ཤངས་དགའ་ལྡན་ཆོས་འཁོར་གླིང་དང་། སྤྱི་མཐུན་མཉམ་འབྲེལ། སྨན་ཤོད་གོ་འཇོ་མི་མང་། འབྲུག་སྡོད་བོད་མི། མདོ་སྟོད་ཆུ་བཞི་སྒང་དྲུག ཞབས་ཟུར་རབ་སྒང་བསོད་ནམས་དཔལ་འབྱོར་ནང་མི་བཅས་ནས་བརྟན་བཞུགས་བསྟར་འབུལ་རྒྱུ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ང་ཚོ་དཀའ་ངལ་ཆེ་བའི་དུས་ཚོད་ལ་སླེབ་ཡོད། འོན་ཀྱང་ཕྱོགས་གཅིག་ནས་ང་ཚོར་བདེན་པ་ཡོད། གཉིས་ནས་གཞིས་ལུས་རྒྱ་ཆེ་མི་མང་གཙོ་བོར་གྱུར་པའི་བྱེས་འཁོད་མི་མང་འཛམ་གླིང་ཕྱོགས་མཚམས་སུ་ཡོད་པ་ཚང་མས་བོད་རིགས་ཡིན་སྙམ་པའི་འདུ་ཤེས་ཀྱི་ཐོག་ནས་སོ་སོའི་ཆོས་དང་རིག་གཞུང་ལ་དགའ་ཞེན་བྱས་ནས་ལྷག་བསམ་སྙིང་སྟོབས་ཞུམ་པ་མེད་པར་གནས་ཡོད། བརྟན་བཞུགས་ངོ་མ་འདི་རེད།

གཞིས་བྱེས་མི་མང་ཡོངས་ནས་ལྷག་བསམ་གཅིག་ཏུ་དཀར་བ་དང་། དད་པ་དང་དམ་ཚིག་གཡོ་བ་མེད་པར་གནས་པ་རེད། དེ་རིང་འདིར་བརྟན་བཞུགས་འབུལ་མཁན་ཁྱེད་རང་ཚོས་བོད་རྒྱ་ཆེ་མི་མང་གི་ཚབ་བྱེད་ཀྱི་ཡོད། བོད་རྒྱ་ཆེ་མི་མང་ཞེས་བརྗོད་དུས་དེ་སྔ་དགའ་ལྡན་ཕོ་བྲང་ཁྱབ་ཁོངས་སུ་ཡོད་པའི་ཤིང་སྟག་སིམ་ལའི་ཆིངས་ཡིག་ནང་ཡིན་པ་ཡོད། བོད་ཕྱི་ནང་གཉིས་སུ་ཕྱེ་བའི་བོད་ཕྱི་མ་ཞེས་པ་དེ་མ་རེད།

ཆོལ་ཁ་གསུམ་གྱི་བོད་རིགས་ཡོངས་སུ་རྫོགས་པ་དེ་དག་ཕལ་ཆེར་སྔར་ཆོས་རྒྱལ་ཚོའི་སྐབས་ལ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་གོང་བུ་གཅིག་གྱུར་བྱས་ནས་གནས་ཡོད། བར་སྐབས་ནས་བོད་སིལ་པོ་ཆགས་ཏེ་ཁ་ཐོར་བའི་བཟོ་ལྟ་བུ་རེད། དཔེར་ན་ངོས་རང་སྐྱེས་སའི་ལུང་པར་ཆ་བཞག་ན། པཱ་ལགས་དང་ཨ་མ་ལགས་ཁོ་རང་ཚོ་ནང་པའི་ཆོས་ལ་དད་པ་ཡོད་ནའང་དབུས་ལ་ཡོད་པའི་དགའ་ལྡན་ཕོ་བྲང་ཞེས་བརྗོད་དུས་རྒྱུས་མངའ་ཁྱོན་ནས་མེད། ང་ཚོའི་དཔོན་པོ་སུ་རེད་ཅེས་དྲིས་པ་ཡིན་ན།  པཱ་ལགས་དང་ཨ་ལ་ལགས་ཀྱིས་རང་བཞིན་བཅོས་མིན་གྱི་ཐོག་ནས།  ང་ཚོའི་དཔོན་པོ་ཟི་ལིང་གི་མཱ་པུ་ཕང་ཡིན་ཞེས་ཟེར་གྱི་རེད།

དེ་ནས་ཁམས་ཕྱོགས་སུ་ཆ་བཞག་ནའང་རྒྱ་སྡེ་དང་བོད་སྡེ་གཉིས་སུ་ཕྱེ་ནས་བསྡད་པ་རེད། མིང་ཁོ་རང་རྒྱ་སྡེ་དང་བོད་སྡེ་ཞེས་ས་མཚམས་ངེས་མེད་ངང་བསྡད་པ་རེད། མཐའ་མར་ཀམ་ཐོག་གྲུ་ཁ་ཕན་ཆད་ཚུན་ཆད་བརྩིས་ཏེ་ང་ཚོར་གནས་བབ་ཧ་ཅང་སྐྱོ་བོ་བྱུང་བ་རེད། དེ་འདྲའི་གནས་སྟངས་སྐྱོ་བོ་བྱུང་བ་རེད། འོན་ཀྱང་བར་སྐབས་ནས་ང་ཚོར་སྤྱིའི་དཀའ་ངལ་འཕྲད་ཡོང་དུས་ང་ཚོ་ཚང་མས་སེམས་ཤུགས་གོང་བུ་གཅིག་གྱུར་བྱས་ནས་བསྡད་ཡོད། བོད་ནང་དུ་ཡིན་ནའང་གང་ལྟར་ཆོལ་ཁ་གསུམ་གཅིག་སྒྲིལ་སྔར་ཆོས་རྒྱལ་ཚོའི་སྐབས་སུ་ཡོད་པ་ནང་བཞིན་ཧ་ལམ་བརྗོད་ཆོག་གི་རེད། གཅིག་གྱུར་དང་། གཅིག་སྒྲིལ། དམ་ཚིག་ཧ་ལས་པ་རེད། ང་ཚོ་བཙན་བྱོལ་དུ་ཡོད་པ་ཚོར་ཆ་བཞག་ནའང་སྐབས་རེ་ཆོལ་ཁ་གསུམ་དབར་སྐད་ཆ་ཕྲན་བུ་ཡོང་གི་ཡོད་པ་ཆོས་ཉིད་རེད། ཆེ་ས་ནས་བསམ་བློ་གཏང་ན་གོང་བུ་གཅིག་གྱུར་ཧ་ལས་པ་རེད།

དེ་རིང་འདིར་ཆ་བཞག་ནའང་རྣམ་པ་ཚོས་ལྷག་བསམ་གཅིག་ཏུ་དཀར་བའི་ཐོག་ནས་བརྟན་བཞུགས་གནང་བ་འདི་ལྟར་རེད། འདིས་བོད་རྒྱ་ཆེ་མི་མང་གི་དད་པ་དམ་ཚིག་གཡོ་བ་མེད་པ་མཚོན་གྱི་ཡོད། དེ་བཞིན་ངོས་ལ་ཆ་བཞག་ནའང་ཁྱེད་རང་ཚོ་དེ་དག་དང་། གང་ལྟར་ཚང་མས་གཅིག་གྱུར་གྱི་ཐོག་ནས་ངོས་ལ་བློ་གཏད་དང་རེ་བ་བཅོལ་ནས་དེ་ལྟར་བསྡད་པ་རེད། ང་ཚོ་བཙན་བྱོལ་ལ་ཆ་བཞག་ན། ཐོག་མར་བཙན་བྱོལ་དུ་འབྱོར་དུས་ངོ་ཤེས་པ་གནམ་དང་ས་མ་གཏོགས་མེད་པའི་བཟོ་འདྲ་ཞིག་རེད། འོན་ཀྱང་ཚང་མས་སེམས་ཤུགས་སྐྱེས་ནས་ངོས་ཀྱིས་ཚར་མར་འབོད་སྐུལ་བྱས་ལོ་ངོ་ ༦༠ ལྷག་ཙམ་ཕྱིན་པའི་རིང་དེར་ང་ཚོ་བཙན་བྱོལ་བ་དེ་དག་འཛམ་གླིང་འདིའི་སྟེང་བཙན་བྱོལ་བ་ས་ཡ་བྱེ་བ་མང་པོ་ཡོད་ཀྱང་ང་ཚོ་བོད་མི་ནང་བཞིན་བཙན་བྱོལ་བ་ནང་བཞིན་སྡོག་སྒྲིལ་པོ་ཡོད་པ་ཞིག་ཧ་ལམ་མེད། ང་ཚོ་བཙན་བྱོལ་བ་བྱས་ནས་སོ་སོའི་ལུང་པ་བྲལ་ནས་གནས་ཡོད་ནའང་ང་ཚོའི་ཆོས་དང་རིག་གཞུང་དེ་དག་བཙན་བྱོལ་བའི་གནས་སྐབས་འདིའི་སྟེང་ནས་རྩ་བ་བཟུང་ནས་བསྡད་ཡོད།

འགོ་སྟོད་ནེ་རུ་བཞུགས་པའི་སྐབས་རེད། ནེ་རུ་མཆོག་གིས་ཐུགས་ཁུར་ཧ་ཅང་བཞེས་སོང་། བོད་དོན་བདེན་མཐའ་གསལ་བར་ཆ་རྐྱེན་གཙོ་བོ་ཤེས་ཡོན་རེད། བོད་མི་ན་གཞོན་ཚོས་ཤེས་ཡོན་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་ནེ་རུས་ངོས་ལ་གསུང་མྱོང་།  རྒྱ་གར་གཞུང་གིས་ཐུགས་འགན་བཞེས་ནས་བོད་པའི་སློབ་གྲྭ་ལོགས་སུ་བཙུགས་པ་རེད། འགྲོ་གྲོན་དེ་དག་རྒྱ་གར་གཞུང་གིས་གཏོང་གི་ཡོད་པ་རེད། རྒྱ་གར་གཞུང་ནི་ཧ་ལས་པའི་བཀའ་དྲིན་ཆེན་པོ་ཡིན། བོད་དོན་བདེན་མཐའ་གསལ་བར་རེ་བ་བཟང་ས་ནས་རྒྱག་དགོས་པ་དང་། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་སྟབས། ང་ཚོས་འཐབ་རྩོད་འབད་བརྩོན་བྱེད་རྒྱུ་འདི་མི་རབས་གཅིག་གཉིས་རིང་འགོར་བ་ཡིན་ན་ཡང་། བོད་དོན་འཐབ་རྩོད་བྱེད་མཁན་མི་རབས་ནས་མི་རབས་དགོས་པ་ཡིན་པས་གཞིས་ཆགས་ཁག་དེ་དག་བཙུགས་པ་རེད། མི་རབས་བརྗེ་འགྲོ་ཡི་ཡོད་པ་རེད། ཕྱི་ལོ་ ༡༩༥༩ ལོར་འདིར་ཡོང་མཁན་བཙན་བྱོལ་བ་དེ་དག་ནང་ནས་མང་ཆེ་བ་རྫོགས་ཟིན་པ་རེད། མི་རབས་གསར་པ་དེ་དག་གིས་མཇུག་མཐུད་ནས་བོད་སྤྱི་བའི་བསྟན་སྲིད་སླད་སེམས་ཁུར་བླངས་པ་ཙམ་དུ་མ་ཟད། འཛམ་གླིང་ས་གནས་གང་དུ་ཡོད་ནའང་བོད་རིགས་དེ་དག་གིས་བོད་ཀྱི་ཚབ་བྱས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་བོད་དོན་བདེན་མཐའ་གསལ་བར་ཚང་མས་གང་ཡོད་བྱེད་བཞིན་པ་རེད། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་རྒྱ་གར་དུ་འབྱོར་དུས་ངོ་ཤེས་པ་ཧ་ལམ་གནམ་དང་ས་མ་གཏོགས་མེད་པ་ལྟ་བུ་ཆགས་ཡོད།

དེང་སྐབས་འཛམ་གླིང་ཤར་ནུབ་ལྷོ་བྱང་མང་པོ་ཞིག་ལ་བོད་ཀྱི་གནས་ཚུལ་ཤེས་མཁན་མང་པོ་ཆགས་པའི་ཐོག་ནས་བོད་ཀྱི་ལོ་སྟོང་ཕྲག་རིང་མཁན་ཆེན་ཞི་བ་འཚོས་རྒྱ་གར་ནས་ཚུར་བསྣམས་ཕེབས་པའི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ཚད་མ་རིག་པ་གཙོ་བོར་གྱུར་པའི་གཞུང་དེ་དག་སློབ་སྦྱོང་འབུལ་རྒྱུ་གསར་གཏོད་གནང་བ་ཙམ་མ་ཟད། བོད་ཡིག་རང་གི་ཐོག་ནས་གཞུང་དེ་དག་ཚང་མ་ཤེས་པར་བྱ་དགོས་པ་དང་། ལེགས་སྦྱར་གྱི་གཞུང་དུ་ཡོད་པའི་བསྟན་བཅོས་ཁག་བོད་ཡིག་ཏུ་བསྒྱུར་ནས་བསླབ་དགོས་པའི་ལམ་སྟོན་གནང་ཡོད། ངོས་ཀྱི་ངོ་ཤེས་པ་ཁ་ཤས་ཀྱིས་བརྗོད་གསལ་ལྟར་ན། མཁན་ཆེན་ཞི་བ་འཚོ་རང་ཉིད་བགྲེས་སོང་ཡིན་ཡང་བོད་སྐད་དང་བོད་ཡིག་ལ་ཐུགས་སྣང་ཆེན་པོ་གནང་སྟེ། སློབ་སྦྱོང་གནང་རྒྱུ་རིགས་ལ་ཐུགས་སྣང་གནང་བ་རེད། ཅེས་གོ་རྒྱུ་དང་བཤད་མཁན་འདུག  གང་ལྟར་བསམ་ཡས་སུ་སྒྲ་བསྒྱུར་ལོ་པཎ་གླིང་ཞེས་བསྟན་བཅོས་བསྒྱུར་སའི་སྡེ་ཚན་ཞིག་ཟུར་དུ་བཙུགས་ནས་དེའི་ནང་དཔེ་ཆ་བསྒྱུར་རྒྱུའི་འགན་ཁུར་ནས་རིམ་པས་བཀའ་འགྱུར་པོ་ཏི་བརྒྱ་ཙམ་དང་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་ཙམ་བཅས་ཁྱོན་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ཙམ་དེ་དག་སྐད་ཡིག་གཞན་ལ་བརྟེན་མི་དགོས་པར་སོ་རང་གི་སྐད་ཡིག་ཐོག་ནས་རང་རྐྱ་འཕེར་བ་ཞིག་བྱུང་འདུག

སྔ་མོ་ཡིན་ན་རྒྱ་གར་གྱི་ནཱ་ལེནྡྲའི་གཙུག་ལག་ཁང་དེ་ཉིད་ཤེས་ཡོན་གྱི་བསྟི་གནས་ཧ་ཅང་རྩ་ཆེན་པོ་ཆགས་ཡོད། ནཱ་ལེནྡྲ་ནས་ཐོན་པའི་མཁས་པ་མང་པོ་བྱུང་ཡོད། ད་ལྟ་འདིར་འདོན་བཞིན་པའི་པཎ་གྲུབ་བཅུ་བདུན་ལ་སོགས་པ་དེ་ཚོའི་གྲས་ནཱ་ལེནྡྲ་ནས་ཐོན་པ་ཤ་སྟག་རེད། ལེགས་བཤད་རྨད་དུ་བྱུང་བ་ཡོད་པ་དེ་དག་བསྟན་འགྱུར་ནང་མང་ཆེ་བ་ཡོད། གཙོ་བོ་མཁན་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་རེད། མཁན་སློབ་ཆོས་གསུམ་ཞེས་མཁན་ཆེན་ཞི་བ་འཚོ། སློབ་དཔོན་ཐུགས་རྗེ་ཅན། མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས་ནས་བསྟན་པ་འཛུགས་རྒྱུའི་དགོངས་པ་རྒྱ་ཆེ་བཞེས་པའི་སྐབས་ཕྱི་ནང་གི་འགལ་རྐྱེན་མང་པོ་འཕྲད་དེ་སྐུ་ངལ་ཧ་ཅང་འཕྲད་པ་རེད། སློབ་དཔོན་རིན་པོ་ཆེའི་ཐུགས་བསྐྱེད་སྨོན་ལམ་ཐོག་ནས་བོད་ལ་ཚུར་ཕེབས་རྒྱུ་དབུ་བཙུགས་ཟིན་པ་རེད། སྐབས་དེར་མཁན་ཆེན་གྱིས་ཆོས་རྒྱལ་ལ་གྲུབ་པའི་དབང་ཕྱུག་རིག་སྔགས་འཆང་སློབ་དཔོན་རིན་པོ་ཆེ་གདན་འདྲེན་ཞུ་གནང་དགོས་གསུངས་ནས་གདན་ཞུ་འབྱོར་དུས་སློབ་དཔོན་རིན་པོ་ཆེ་བོད་ཕྱོགས་སུ་ཕེབས་རྒྱུ་དབུ་བཙུགས་ཟིན་པ་ལྟ་བུ་རེད། གང་ལྟར་མཁན་སློབ་ཆོས་གསུམ་ཞེས་བོད་ཀྱི་གཙུག་ལག་ཁང་མང་ཆེ་བའི་ནང་མཁན་སློབ་ཆོས་གསུམ་གྱི་རི་མོ་ཡོད་པ་རེད།

དཔལ་ནཱ་ལེནྡྲའི་ཟབ་པ་དང་རྒྱ་ཆེ་བའི་སངས་རྒྱས་པའི་ཆོས་སྐོར་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཐོག་ནས་ཐོས་པས་སྒྲོ་འདོགས་བཅད། བསམ་པས་ངེས་པ་རྙེད། སྒོམ་པས་ཉམས་མྱོང་བརྒྱུད་ལ་སྐྱེ་རྒྱུའི་ཐོས་བསམ་སྒོམ་གསུམ་བོད་ལ་ལམ་སྟོན་གནང་ནས་དེང་སྐབས་འཛམ་གླིང་འདིའི་སྟེང་ནང་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་འགྲེལ་བཤད་རྒྱག་དགོས་བྱུང་ན། བོད་པ་དྲག་ཤོས་ཆགས་ཡོད། དེ་འདྲའི་ཐོག་ནས་དཔལ་ནཱ་ལེནྡྲའི་སངས་རྒྱས་པའི་བསྟན་པ་འདི་གཞི་དངོས་པོའི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད། དེང་སྐབས་ཀྱི་རིག་གནས་གསར་པའི་ནང་ཚད་རྡུལ་དངོས་ཁམས་རིག་པའི་ quantum physics སྐོར་ཤོད་ཀྱི་ཡོད། ཚད་རྡུལ་དངོས་ཁམས་རིག་པ་ནི་སེམས་ཙམ་པའི་གྲུབ་མཐའ་དང་དབུ་མའི་གྲུབ་མཐའ་འབྲེལ་ནས་བཤད་པ་ཡིན་ན། ཚད་རྡུལ་དངོས་ཁམས་རིག་པ་ནི་དེ་སྔ་ནས་བོད་ལ་དར་ཡོད། དེ་ཡང་ངོས་ཀྱི་ངོ་ཤེས་པ་རྒྱ་གར་བ་ཚན་རིག་མཁས་པ་ཞིག་ཡོད། ཁོང་གིས་ཚད་རྡུལ་དངོས་ཁམས་རིག་པ་ཞེས་པ་ནི་ནུབ་ཕྱོགས་རྒྱལ་ཁབ་ལ་རིག་གནས་གསར་པ་ཆགས་ཡོད། ང་ཚོ་རྒྱ་གར་ནང་ལོ་ ༢༥༠༠ གོང་ནས་བྱུང་ཟིན་པ་རེད། ཅེས་དབུ་མ་རྩ་བ་ཤེས་རབ་ཀྱི་ཚིག་ཁ་ཤས་མར་སྐྱོར་བཞིན་ངོས་ལ་བརྗོད་བྱུང་།

ང་ཚོ་བོད་ལ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཆ་ཚང་བ་ཞིག་དར་ནས་མི་རབས་དེ་དག་གི་རིང་བོད་གངས་ཅན་པའི་སྙིང་སྟོབས། རྣམ་དཔྱོད་ཅན་དེ་འདྲའི་མཁས་པའི་དབང་པོ་མང་པོ་ཞིག་གིས་མི་རབས་ནས་མི་རབས་བསྟན་པ་འདི་འཛིན་སྐྱོང་སྤེལ་གསུམ་བྱས་ནས་དུས་ད་ལྟ་བར་གནས་པ་རེད།

དེང་སྐབས་འཛམ་གླིང་འདིའི་སྟེང་ཚན་རིག་པ་ཡིན་ནའང་དོ་སྣང་བྱེད་རྒྱུ་ཞིག་ཆགས་འདུག ངོས་ཀྱིས་ཕལ་ཆེར་ལོ་ ༤༠ མཚམས་ནས་ཚན་རིག་ལ་དོ་སྣང་བྱས་པ་རེད། ཆུང་དུས་སྐབས་ནས་དོ་སྣང་ཡོད། ངོས་རང་ལོ་དྲུག་བདུན་སྐབས་ཕྱི་རྒྱལ་གྱི་མི་དེ་འདྲ་ལྷ་སར་ཡོང་དུས་ངོས་ལ་རྩེད་ཆས་རིགས་ཕྱག་རྟགས་སུ་སྤྲོད་ཀྱི་ཡོད། ངོས་ཀྱིས་རྩེད་ཆས་དེ་དག་འཁྱུག་ཙམ་རིང་རྩེ་མོ་རྩེད་རྗེས་དེའི་ནང་དུ་གང་ཡོད་དམ་ཞེས་འཆར་ཅན་བཤིག་གི་ཡོད། དེ་ནས་གལ་ཆེ་བ་ཞིག་ལ་གློག་གི་འགྲོ་སྟངས་ག་འདྲ་ཡིན་མིན་དེ་ཚོའི་གྲས་ལ་དོ་སྣང་ཧ་ཅང་ཡོད།

རིམ་པས་རྒྱ་གར་དུ་སླེབས་ནས་ཚན་རིག་པ་ཐུག་རྒྱུའི་གོ་སྐབས་མང་པོ་ཡོང་གི་ཡོད་པ་རེད། ཁོང་ཚོས་ངོས་རང་ཕར་སྐད་བཏང་ནས་སྐད་ཆ་བཤད་རྒྱུ་དང་། དེ་བཞིན་ཚུར་ཡོང་ནས་སྐད་ཆ་བཤད་རྒྱུ་དེ་འདྲ་བྱས་དུས་ཚན་རིག་པ་དེ་ཚོའི་གྲས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ངོས་ཀྱིས་ཚན་རིག་པ་དང་ལྷན་འབྲེལ་བ་བྱས་ན་ནང་པ་ཞུམ་པ་སྐྱེ་རྒྱུ་རིགས་གང་ཡང་ཡོང་ས་མ་རེད། དེར་བརྟེན་ང་ཚོ་དཔེ་ཆ་ལྟ་མཁན་དེ་ཚོའི་གྲས་ཀྱིས་ཚན་རིག་བསླབ་ཐུབ་ན་ཡག་པོ་འདུག ང་ཚོའི་བཤད་གྲྭ་དེ་ཚོའི་ནང་ཚན་རིག་བསླབ་པ་ཡིན་ན་ཆོས་དད་ལ་སྐྱོན་བྱེད་མི་ཡོང་ངམ། ཞེས་དེ་འདྲ་གསུང་མཁན་བྱུང་། བྱེད་ཀྱི་མ་རེད་བརྗོད་པ་ཡིན། བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་བཅོམ་ལྡན་འདས་རང་ཉིད་ཀྱི་རྗེས་འབྲང་ཚོས་བཅོམ་ལྡན་འདས་རྩ་ཆེན་པོ་རེད། དེ་དེ་བཞིན་ནོ་ཞེས་བརྗོད་རྒྱུ་མེད། བཅོམ་ལྡན་འདས་ཀྱིས་གསུང་པ་དེར་བརྟག་དཔྱད་བྱེད་དགོས། རིགས་པས་བརྟག་དཔྱད་དང་ཚོད་བལྟ་བྱས་ནས་ངེས་པ་རྙེད་རྒྱུ་ཞིག་བྱེད་དགོས་རེད་མ་གཏོགས་དད་པ་ཁོ་ནའི་ཡོང་གི་མ་རེད། ཅེས་བཅོམ་ལྡན་འདས་རང་ཉིད་ཀྱིས་བཀའ་གནང་བ་རེད།

དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་གྲས་ཀྱིས་བཅོམ་ལྡན་འདས་རང་ཉིད་ཀྱིས་བཀའ་ལའང་སྒྲ་ཇི་བཞིན་དུ་ཁས་བླངས་ན་རུང་བ་དང་མི་རུང་བ་དབྱེ་བ་ཕྱེ་ནས་འགྲོ་བཞིན་འདུག ཧ་ལས་པ་རེད་འདུག གོང་དུ་ངོས་ཀྱིས་བཤད་པའི་པཎ་གྲུབ་བཅུ་བདུན་དེ་དག་ནི་ཧ་ལས་པ་རེད། གཞུང་ལ་རིགས་པས་དཔྱད་པ་བྱ་རྒྱུ་གལ་ཆེན་པོ་རེད། དེང་སྐབས་ཚན་རིག་པས་ནང་པའི་ཆོས་འདི་མི་འདྲ་བ་ཞིག་འདུག ཅེས་རྗོད་ཀྱི་ཡོད། གཙོ་བོ་ནང་པའི་ལྟ་གྲུབ་རེད། ནང་པའི་ལྟ་གྲུབ་ཐོག་ལ་ཚན་རིག་པས་ནང་ཆོས་ཀྱི་གཞུང་ནང་ཡོད་པའི་ལྟ་གྲུབ་ཀྱི་རྣམ་གཞག སེམས་ཁམས་རིག་པ། ཚད་མ་རིག་པ་དེ་ཚོའི་གྲས་ཚན་རིག་པས་ཚུར་བླངས་ཏེ་སློབ་སྦྱོང་བྱ་རྒྱུ་དེ་འདྲ་ཡོང་བཞིན་ཡོད།

རྒྱ་ནག་གཙོ་བོར་གྱུར་པའི་མཁས་དབང་ཁག་ཁ་ཤས་ཀྱིས་བོད་ལ་ཡོད་པའི་ནང་ཆོས་འདི་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་རེད་འདུག ནཱ་ལེནྡྲའི་ཆོས་བརྒྱུད་འདི་ཚན་རིག་དང་མཐུན་པ་རེད་འདུག ཅེས་རྗོད་ཀྱི་འདུག ང་ཚོས་ཚན་རིག་ཀུན་བཏུད་ཅེས་པའི་ཡིག་ཆ་འདི་བཟོས་ནས་རྒྱ་ཡིག་སོགས་ཕྱི་རྒྱལ་སྐད་ཡིག་ཁ་ཤས་ཐོག་བསྒྱུར་ཡོད། བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོ་ཁ་ཤས་ལ་ཡིག་ཆ་འདི་ཚོའི་གྲས་ཁ་ཤས་སླེབ་ཀྱི་འདུག ང་ཚོས་འདི་ནས་པར་སྐྲུན་བྱས་པར་བརྟེན་དམ་དྲག་བྱེད་ཀྱི་ཡོད་སྟབས་སྤྱིར་བཏང་གི་དཔེ་མཛོད་ནང་སླེབ་ཐབས་མེད། དམིགས་བསལ་དོ་སྣང་བྱེད་བཞིན་འདུག དངོས་ཡོད་གནས་ཚུལ་ལ་གནས་སྟངས་འདི་ལྟར་རེད། ང་ཚོ་བོད་པས་ད་བར་བདག་པོ་བརྒྱབ་པ་འདིས་སོ་སོའི་ཆོས་དང་རིག་གཞུང་བདག་པོ་བརྒྱབ་པ་ཙམ་མིན་པར་འཛམ་གླིང་སྤྱི་ལ་གང་ཙམ་ཞབས་འདེགས་སྒྲུབ་ཐུབ་པའི་ནུས་པ་དང་ཆ་རྐྱེན་ཏན་ཏན་ཡོད་པ་རེད་འདུག ཅེས་དང་།

གཞན་ཡང་ཁྱེད་ཚོར་ཆོ་ག་ཟབ་ཅིང་རྒྱས་པ་ཞིག་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ལ་དུས་དང་དུས་སུ་སྨན་པས་བརྟག་དཔྱད་བྱེད་ཀྱི་ཡོད། བརྟག་དཔྱད་འཆར་ཅན་བྱེད་ས་དེར་བརྟག་སྐབས་ཉེ་ཆར་ངོས་རང་ཟུངས་ཁྲག་ཏོག་ཙམ་མར་ཆག་འདུག་ཀྱང་ད་ལྟ་ཡར་འཕར་འདུག སྨན་པ་ཚོས་ཀྱང་ཧ་ཅང་དགའ་བོ་བྱེད་ཀྱི་འདུག དེ་བཞིན་ལུས་པོ་ཆ་ཚང་ལ་རིགས་གཅིག་རྐང་འཛིན་ཚོས་བརྟག་དཔྱད་བྱས་པ་རེད། ཧ་ཅང་ཡག་པོ་འདུག་ཟེར། ཁྱོད་རང་ཚོས་སྨོན་ལམ་བརྒྱབ་ནས་དེ་ལ་ད་ལྟའི་དུས་ཚོད་འདིར་ངོས་ཀྱིས་དམིགས་པ་བྱེད་ཀྱི་ཡོད་པ་རེད། གང་ལྟར་བོད་བསྟན་སྲིད་ཉག་ཕྲ་བོ་འདི་འདྲ་ཞིག་གི་དུས་ཚོད་ལ་ངོས་རང་ཚེ་རིང་པོ་ཞིག་མ་བསྡད་ཚེ་འགྲིག་མ་སོང་བསམ་ནས་སེམས་ཤུགས་བསྐྱེད་བཞིན་ཡོད། དེར་བརྟེན། གཟུགས་པོའི་ཆ་ནས་སྨན་པ་ཚོས་ཡག་ཏུ་ཕྱིན་འདུག ཧ་ཅང་ཡག་པོ་འདུག་ཟེར། ངོས་རང་སེམས་ཤུགས་སྐྱེ་བཞིན་ཡོད། ལོ་བརྒྱ་ཕྲག་བར་དུ་འཚོ་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད་ལ། ཕལ་ཆེར་འཚོ་ཐུབ་ཀྱི་རེད། མཁྱེན་སོང་ངམ། ཚང་མ་བློ་བདེ་བོར་བཞུགས། ཞེས་བཀའ་སློབ་སྩལ།།

Share with your friends










Submit