ཟླ་བ་ ༩ ཚེས ༢༥ ༢༠༡༩
Published By ngawang thokmey

ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༥ རེས་གཟའ་ལྷག་པ།

༄༅། །དཔེ་དེབ་འགྲེམས་སྤེལ་ཁང་གྲགས་ཅན་ Penguin གྱི་བྱིས་པའི་སྙན་དེབ་ཚན་པ་ Kokila ཞེས་སྔ་ལོར་གསར་འཛུགས་བྱུང་བ་དེས།  ན་གཞོན་ཚོར་གཙོ་བོར་དམིགས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་མཛད་རྣམ་ ༼བྱམས་བརྩེའི་ས་བོན།༽ ཞེས་པ་རི་མོའི་ལམ་ནས་དཔེ་དེབ་འདོན་སྤེལ་གནང་གཏན་འཁེལ་འདུག 

ཕྱག་དེབ་དེའི་དམིགས་ས་གཙོ་བོ་ནི་གཞོན་སྐྱེས་ཚོའི་རྒྱུས་ལ་བྱམས་བརྩེའི་ནུས་པ་གོང་འཕེལ་གཏོང་རྒྱུ་དང་།  ཕྱག་དེབ་དེ་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༤ ཉིན་འདོན་སྤེལ་གནང་འཆར་ཡོད་འདུག  ཕྱག་དེབ་དེའི་ནང་གཙོ་ཆེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ན་ཕྲ་བའི་གནས་སྐབས་གསང་གསུམ་གྱི་མཛད་པ་བསྐྱངས་ཚུལ་དང་། དེ་རྗེས་༸སྐུ་ནར་སོན་སྐབས་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་རྒྱལ་བའི་གསུང་རབ་རྣམས་ལ་ཐོས་བསམ་སློབ་གཉེར་མཛད་ཚུལ།  མཐར་བྱམས་བརྩེ་དང་འཚེ་མེད་ཞི་བའི་སྟོན་པ་ཟླ་མེད་པ་ཞིག་ཏུ་གྱུར་ནས་འཛམ་གླིང་ཤར་ནུབ་ཀུན་ཏུ་བྱམས་བརྩེའི་ཉམས་ལེན་དར་སྤེལ་མཛད་བཞིན་པའི་སྐོར་སོགས་འཁོད་འདུག

དེ་ཡང་སྙན་དེབ་ཚན་པ་ Kokila ཞེས་པའི་འགྲེམས་སྤེལ་ཚན་པའི་འགན་འཛིན་ནམ་རཱ་ཏ་ཏྲི་པཱ་ཊི་ Namrata Tripathi ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རི་མོའི་མཛད་རྣམ་དེ་ལྟ་བུ་ཞིག་འདོན་སྤེལ་ཞུ་རྒྱུའི་བསམ་འཆར་ཡོད་ཚུལ་ཞུ་སྙན་ལམ་ནས་ལྷ་སྙན་སྒྲོན་འབུལ་ཞུས་འདུག  རྩོམ་པ་པོ་རང་ཉིད་ཕྱི་ལོ་ ༢༠༠༣ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལ་བརྟེན་ནས་གཞོན་ནུའི་བསམ་བློར་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཧ་ཅང་ཐེབས་ཡོད་སྟབས།  མ་འོངས་བྱིས་པ་ཚོ་ཡང་མཐར་མི་བཟང་པོ་ཞིག་ཆགས་དགོས་པ་དོན་གྱི་སྙིང་པོ་ཡིན་པར་བརྟེན་དེའི་ཕྱོགས་སུ་དཀྲི་ཐབས་ཤིག་མཛད་རྣམ་དེ་ཆགས་ཡོད་པ་གསུངས།  དེ་ཡང་བྱམས་བརྩེའི་ས་བོན་ཞེས་པའི་རི་མོའི་ཕྱག་དེབ་དེའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་འཛམ་གླིང་གི་བྱིས་པའི་དབར་གླེང་མོལ་མཛད་པའི་རྣམ་པ་ཅན་ཞིག་ཡིན་འདུག

དེ་ཡང་འགྲེམས་སྤེལ་ཚན་པའི་འགན་འཛིན་ནམ་རཱ་ཏ་ཏྲི་པཱ་ཊི་ Namrata Tripathi ལགས་ཀྱིས་གསུང་དོན།  ང་རང་གཞོན་སྐྱེས་སྐབས་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ཐད་ཀར་༸ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་ཐོབ་བྱུང་། སྐབས་དེར་གང་ཉིད་མཆོག་གི་བཀའ་སློབ་ལ་བརྟེན་ནས་ངས་ཀྱང་འཛམ་གླིང་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏོང་ཐུབ་རྒྱུ་ཡིན་པའི་ངེས་པ་བརྟན་པོ་རྙེད་བྱུང་། དེར་བརྟེན་ ༼བྱམས་བརྩེའི་ས་བོན། ༽ ཞེས་པའི་ཕྱག་དེབ་འདི་བརྒྱུད་གཞོན་སྐྱེས་གཞན་ཚོས་ཀྱང་སེམས་ཚོར་དེ་ལྟ་བུ་ཞིག་ཡོང་ཐུབ་པར་ངའི་རེ་བ་ཞུ་བཞིན་ཡོད། ཅེས་གསུངས།  གཞན་ཡང་འགྲེམས་སྤེལ་ཚན་པའི་འགན་འཛིན་ནམ་རཱ་ཏ་ཏྲི་པཱ་ཊི་Namrata Tripathi ལགས་ཀྱིས་མཛད་རྣམ་ཕྱག་དེབ་དེ་ནི་ཆོས་ཕྱོགས་ཁོ་ན་ཙམ་མིན་པར་ཉིན་རེའི་མི་ཚེའི་ནང་ཉམས་ལེན་དངོས་དང་འབྲེལ་བ་ཤུགས་ཆེ་ཡོད་པ་གསུངས། །

Share with your friends










Submit