ཟླ་བ་ ༩ ཚེས ༡༣ ༢༠༡༩
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༣ རེས་གཟའ་པ་སངས། 

 

༄༅། །མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༢ པ་དེ་བཞིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝ་ནང་འཚོགས་བཞིན་པ་དང་བསྟུན། གཞུང་འབྲེལ་མ་ཡིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ Society for Threatened Peoples ཞེས་པའི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༢ ཉིན་ ༼   ཡར་རྒྱས་རེད་དམ་ཡང་ན་གཏོར་བཤིག་རེད་དམ་  ༽  Development or Destruction ཞེས་པའི་བརྗོད་གཞིའི་ཐོག་ཟུར་དུ་ཚོགས་འདུ་ཚོགས་ཡོད་པ་དང་། ཚོགས་འདུའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས།   རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ཀ་ཡི་མུ་ལར་ Kai Mueller ལགས། ཕྱི་དྲིལ་ལས་ཁུངས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་སྤྱི་མཐུན་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་བཅས་མཉམ་ཞུགས་གནང་ཡོད།

སྐབས་དེར་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་འབྲོག་པ་རྣམས་རྩྭ་ཐང་ནས་བཙན་གྱིས་གནས་སྤོ་བཅུག་པ་དང་། གཏེར་ཁ་སྔོག་འདོན་བྱས་པ། ཆུ་མཛོད་བརྒྱབ་པ་སོགས་ལ་བརྟེན་ནས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་དོ་ཕོག་ཚབས་ཆེན་བྱུང་དང་འབྱུང་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་ཡར་རྒྱས་ཀྱི་ལས་གཞི་སྤེལ་བཞིན་པ་དེ་དག་བོད་མི་ཚོར་ཁེ་ཕན་མི་འདུག ཅེས་དང་། ཡར་རྒྱས་ཀྱི་ལས་གཞི་དེ་དག་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་མེད་པ་དང་ས་གནས་བོད་མི་ཚོར་དཔལ་འབྱོར་གྱི་ཁེ་ཕན་ལྡན་པ་ཞིག་དགོས་ཞེས་གསུངས།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ཀ་ཡི་མུ་ལར་ལགས་ཀྱིས། བོད་མི་རྣམས་ཀྱིས་རང་གི་ཕ་མེས་ཡང་མེས་སྐབས་ནས་རྩ་ཆེན་དུ་རྩི་བཞིན་པའི་གནས་རི་ཀླུང་དང་རྩྭ་ཐང་སོགས་ལ་རྒྱ་ནག་གཞུང་གིས་རྩིས་མེད་རྡོག་རོལ་བཏང་སྟེ་མེ་འཁོར་ལྕགས་ལམ་དང་གཞུང་ལམ་བཟོས་པ་དེ་ནི་བོད་མིའི་སྲོལ་རྒྱུན་བཟང་པོར་རྩིས་མེད་སྣང་ཆུང་བྱས་པ་རེད། ཅེས་གསུངས། ཐེངས་འདིའི་ཟུར་ཚོགས་སྟེང་རྒྱ་ནག་གཞུང་གི་སྐུ་ཚབ་དང་། དེ་བཞིན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གི་སྐུ་ཚབ་སོགས་མཉམ་ཞུགས་གནང་ཡོད་པ་བཅས། །

Share with your friends










Submit