ཟླ་བ་ ༩ ཚེས ༡༡ ༢༠༡༩
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༩ ཟླ་ ༩་ཚེས་ ༡༡ རེས་གཟའ་ལྷག་པ། 

 

༄༅། །རྒྱལ་སྤྱིའི་རྣམ་དཔྱོད་མཉམ་འབྲེལ་ས་ཁུལ་ཚོགས་པ་ International Coalition of Sites of Conscience དང་བོད་ཀྱི་འགྲེམས་སྟོན་ཁང་གཉིས་ཀྱི་གོ་སྒྲིག་འོག་མི་སེར་སྤེལ་བའི་རིང་ལུགས་ཀྱི་ཤུལ་བཞག་དང་། བྱུང་རབས་ལོ་རྒྱུས། དངོས་རྫས་བཅས་ཕྱིར་དྲན་གྱིས་སླར་གསོ་བྱེད་ Reconstructing Memories: Objects, Narratives and the Legacies of Colonialism ཅེས་པའི་ཚོགས་འདུའི་དབུ་འབྱེད་མཛད་སྒོ་ཞིག་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་གངས་སྐྱིད་འགྲེམས་སྟོན་ཁང་གསར་པའི་ཚོགས་ཁང་ནང་ཚོགས་ཡོད་པ་དང་། ཚོགས་འདུའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་། ཕྱི་དྲིལ་ལས་ཁུངས་ཀྱི་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས། ཕྱི་དྲིལ་དྲུང་ཆེ་ལས་འཕར་འཆི་མེད་ཚེ་དབྱངས་ལགས། རྒྱལ་སྤྱིའི་རྣམ་དཔྱོད་མཉམ་འབྲེལ་ས་ཁུལ་ཚོགས་པའི་ས་གནས་འགན་འཛིན་སི་ལི་ཝི་ཡ་ Silvia Fernandez Munguia ལགས། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས། འགྲེམས་སྟོན་ཁང་གི་ལས་བྱེད་རྣམ་པ། དེ་བཞིན་ཚོགས་འདུར་མཉམ་ཞུགས་གནང་མཁན་བཅས་ཕེབས་འདུག

དེ་ཡང་མཛད་སྒོའི་ཐོག་མར་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་བོད་ཀྱི་འགྲེམས་སྟོན་ཁང་གསར་རྙིང་གཉིས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས་གནང་རྗེས།   སི་ལི་ཝི་ཡ་ལགས་ཀྱིས་རྒྱལ་སྤྱིའི་རྣམ་དཔྱོད་མཉམ་འབྲེལ་ས་ཁུལ་ཚོགས་པའི་སྐོར་ངོ་སྤྲོད་གནང་། དེ་རྗེས་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཕྱི་ལོ་ ༡༩༥༩ ལོར་བོད་མི་བཙན་བྱོལ་བ་རྣམས་རྒྱ་གར་དུ་འབྱོར་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གཞུང་མང་། དེ་བཞིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཚགས་ཚུད་བྱུང་ཡོད་པ་མ་ཟད། བོད་མིའི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་བཏང་ཐུབ་ཡོད། དེ་བཞིན་བཙན་བྱོལ་བོད་མིའི་གཞོན་སྐྱེས་རྣམས་ལ་ཤེས་ཡོན་སྤྲད་ཐུབ་ཡོད་པ་དང་། བོད་མིའི་འཐབ་རྩོད་མུ་མཐུད་གསོན་པོར་གནས་ཐུབ་ཡོད། ཅེས་སོགས་ཀྱི་སྐོར་གསུངས།

དེ་ནས་སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས། ང་ལ་འགྲེམས་སྟོན་ཐོག་ཤེས་བྱ་ཡོན་ཏན་གང་ཡང་མེད་ནའང་། གཙོ་བོ་བོད་ཀྱི་འགྲེམས་སྟོན་ཁང་གི་ཚོགས་འདུ་ལ་རྒྱབ་སྐྱོར་གྱི་ཚུལ་དུ་བཅར་བ་ཡིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མི་ཁག་གཅིག་རྒྱ་གར་ནང་བཙན་བྱོལ་དུ་ཐོག་མ་ཕེབས་འབྱོར་སྐབས་ས་དང་གནམ་མ་གཏོགས་ངོ་ཤེས་ཀྱི་མེད།  སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཙོ་བོ་ནི། བོད་མི་ཚོས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་དེ་ཡིན། དགོངས་གཞི་དེ་ནི་བོད་མི་ཙམ་མ་ཡིན་པར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཡོངས་ཀྱི་ཆེད་དུ་ཡིན།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མི་རབས་རྒན་པ་རྣམས་ཀྱིས་སྐུ་ལས་བསྐྱོན་པར་བརྟེན་ད་ཆ་བོད་མི་ཙམ་མ་ཟད།  ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཚོས་ཀྱང་བོད་ཀྱི་ཆོས་དང་སྐད་ཡིག་སྦྱོང་རྒྱུའི་གོ་སྐབས་ཐོབ་ཡོད། ཅེས་དང་། བོད་ནང་ལ་མཚོན་ན་རྒྱ་ནག་གཞུང་གིས་དངུལ་གསོག་པའི་ཆེད་དུ་ཕོ་བྲང་པོ་ཏ་ལ་འགྲེམས་སྟོན་ཁང་ལྟ་བུ་ཞིག་ལ་བསྒྱུར་ཏེ་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཀྱིས་གཙོས་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཁག་གཅིག་ལ་བོད་ཀྱི་དངོས་ཡོད་གནས་སྟངས་ལོག་པར་འགྲེལ་བཤད་རྒྱག་གི་ཡོད། བཙན་བྱོལ་དུ་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་གིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་དངོས་ཡོད་གནས་སྟངས་སོགས་འཛམ་གླིང་མི་མང་ལ་བདེན་པ་ར་སྤྲོད་གནང་གི་ཡོད། འདས་པའི་ལོ་རྒྱུས་ནང་བོད་ཀྱི་མཁས་པ་དང་མི་རབས་གོང་མ་ཚོས་སྐུ་ལས་བསྐྱོན་པར་བརྟེན། བོད་ལ་བཀའ་འགྱུར་དང་བསྟན་འགྱུར་སོགས་མཚོན་པའི་འཛམ་གླིང་ལ་ངོམ་ཆོག་པའི་རིག་གཞུང་ཕྱུག་པོ་ཡོད། ཁོར་ཡུག་གི་ཆ་ནས་བཤད་ནའང་བོད་ནི་འཛམ་གླིང་གི་གཡང་རྩེ་ཞེས་འབོད་ཀྱི་ཡོད། དེར་བརྟེན་བོད་དོན་ལ་རྒྱབ་སྐྱོར་བྱེད་ན་བོད་མི་གཅིག་པུ་ཙམ་མ་ཡིན་པར་ཨེ་ཤི་ཡའི་རྒྱལ་ཁབ་མང་པོ་ཞིག་ལ་ཕན་གྱི་ཡོད། བོད་ཀྱི་འགྲེམས་སྟོན་ཁང་བརྒྱུད་འཛམ་གླིང་མི་མང་ལ་བོད་ཀྱི་རིག་གཞུང་ཕྱུག་པོ་ཡོད་པ་དེ་ངོ་སྤྲོད་བྱེད་ཐུབ། ཅེས་སོགས་ཀྱི་གསུང་བཤད་གནང་བ་དང་འབྲེལ་མཛད་སྒོ་གྲོལ་ཡོད་པ་བཅས། ། 

Share with your friends










Submit