ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ རེས་གཟའ་པ་སངས་ཉིན་སུད་སི་གྲོང་ཁྱེར་ཇི་ནི་བར་རྟེན་གཞི་བྱས་པའི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ་ལྷན་ཚོགས་ཐེངས་ ༤༢ འཚོགས་སྐབས། སུད་སི་དང་ལིག་ཏེན་སིཊཡན།Liechtenstein སྦེལ་ཇམ། ཧྥ་རན་སིར་ཡོད་པའི་བོད་རིགས་བརྒྱ་ཕྲག་ཙམ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནས་སྟངས་གསལ་འདོན་དང་སྦྲགས་ཞི་རྒོལ་ལས་གཞི་རྒྱ་ཆེ་སྤེལ་ཡོད། སྐབས་དེར་སུད་སི་དང་ཇི་ནི་ཝར་རྟེན་གཞི་བྱས་པའི་ཡུ་གུར་མི་རིགས་ཚོས་ཀྱང་ཞི་རྒོལ་ལས་གཞིའི་ཐོག་མཉམ་ཞུགས་གནང་ཡོད་འདུག
བོད་མི་ཚོས་ལག་ཏུ་རྒྱལ་དར་འཁྱེར་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ UN High Commissioner for Human Rights ཚོགས་གཙོ་མཆོག་བོད་དུ་ཕེབས་འཇུག་དགོས་པའི་དགོས་འདུན་བཏོན་པ་དང་། བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས་པ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པའི་འབོད་ཚིག་སོགས་བསྒྲགས་འདུག
སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༢ འཚོགས་བཞིན་ཡོད་པའི་སྐབས་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མིའི་རྒྱལ་ཁབ་ཁག་གཅིག་གིས། ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སེམས་ཚབས་ཤུགས་ཆེ་གནང་ཡོད་པ་མ་ཟད། བོད་མིའི་སྐུ་ཚབ་ངོས་ནས་ཀྱང་གཞུང་འབྲེལ་མིན་པའི་ཞུ་གཏུག་ཚོགས་པའི་ཞབས་སྟེགས་དཔྱད་ནས་བོད་ནང་གི་ཛ་དྲག་གནད་དོན་གླེང་སློང་གནང་ཡོད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་ལམ་སྟོན་དང་། གཞིས་ལུས་བོད་མིའི་ཞུམ་པ་མེད་པའི་སྙིང་སྟོབས། གཞན་ཡང་བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གཡོ་བ་མེད་པའི་རྒྱབ་སྐྱོར་སོགས་ལ་བརྟེན་ནས་བོད་མིའི་བདེན་པའི་འཐབ་རྩོད་དེ་བཞིན་ནམ་ཡང་བསུབ་ཐབས་མེད་པ་དང་། བོད་དོན་བདེན་མཐའ་མགྱོགས་ནས་མྱུར་དུ་གསལ་ཐུབ་རྒྱུ་ཡིན་སྐོར་སོགས་གསུངས།
སྐབས་དེར་ཚོགས་པ་ཁག་འདྲ་མིན་གྱི་སྐུ་ཚབ་རྣམས་ནས་གསུང་བཤད་གནང་ཡོད། དེ་ཡང་ནོར་བུ་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ལྕམ་ Michelle Bachelet མཆོག་ལ་བོད་དོན་ཞུ་སྙན་ཞིག་ཕུལ་འདུག ཞུ་ཡིག་ནང་གསལ། ༼རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་ཡར་རྒྱས་ཟེར་བའི་ལས་གཞི་དེ་དག་ལ་བརྟེན་ནས་ཤུགས་རྐྱེན་ཇི་འདྲ་ཐེབས་བཞིན་ཡོད་མེད་རྟོག་ཞིབ་ངེས་པར་གནང་དགོས། ལྷག་པར་བླ་རུང་སྒར་དང་ཡ་ཆེན་སྒར་གཉིས་ཀྱི་གྲྭ་བཙུན་རྣམས་ཀྱི་ཤག་སོགས་གཏོར་བཤིག་གཏོང་བཞིན་པ་དེ་དག་འཕྲལ་མར་མཚམས་འཇོག་དགོས་པ་རྒྱ་ནག་གཞུང་ལ་རེ་འདུན་གདོན་དགོས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་གསོ་གང་མགྱོགས་ཡོང་ཐབས་དགོས་པའི་རེ་འདུན་ཡང་གདོན་དགོས། ༽ ཞེས་སོགས་འཁོད་འདུག