ཟླ་བ་ ༩ ཚེས ༡༢ ༢༠༡༩
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༢ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༡ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བསྟི་གནས་ཁང་ IIC དུ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་གསོ་བ་རིག་པའི་ཉིན་མོ་སྲུང་བརྩི་དང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཚོགས་ཆེན་ཐེངས་དྲུག་པའི་དབུ་འབྱེད་མཛད་སྒོ་ཚོགས་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ལ་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་གཞུང་ Ayush ལྷན་ཁང་གི་དྲུང་ཆེ་ལས་འཕར་སྐུ་ཞབས་པྲ་མོཏ་ཀུ་མཱར་པ་ཐ་ Pramod Kumar Patha མཆོག་དང་། དམིག་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག ལྡི་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས། རྒྱ་གར་དབུས་སྨན་པའི་ལྷན་ཚོགས་ཀྱི་གསོ་བ་རིག་པའི་ཚོགས་མི་སྐུ་ཞབས་པདྨ་འགྱུར་མེད་ལགས། ༸རྒྱལ་བའི་བླ་ཞབས་པ་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་སོགས་ཕེབས་གནང་ཡོད།

སྐབས་དེར་འཕྲོད་བསྟེན་བཀའ་བློན་མཆོག་གིས་བོད་ཀྱི་གསོ་བ་རིག་པ་དེ་བཞིན་བོད་པའི་སྤྱི་ཚོགས་ཙམ་མ་ཟད། རྒྱལ་སྤྱིའི་སྟེང་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཤུགས་ཆེ་སྒྲུབ་བཞིན་ཡོད་པ་དེ་ནི་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ཡིན་པ་དང་། རྒྱ་གར་གཞུང་གིས་ Ayush ལྷན་ཁང་ནང་བོད་ཀྱི་གསོ་བ་རིག་པའི་སྐུ་ཚབ་ཞིག་བསྐོ་གཞག་ཡོང་བ་དང་། རྒྱ་གར་དབུས་སྨན་པའི་ལྷན་ཚོགས་ནང་ཚོགས་མི་མང་དུ་གཏོང་གནང་ཡོང་བའི་འབོད་སྐུལ་ཞུས་གནང་བར་སྐུ་མགྲོན་གཙོ་བོ་མཆོག་གིས་ཀྱང་གང་ཐུབ་འབད་བརྩོན་གནང་རྒྱུ་ཡིན་སྐོར་གསུང་གནང་འདུག 

ཐེངས་འདིའི་ཚོགས་ཆེན་ཐོག་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གསོ་རིག་འབུམ་བཞིའི་མཐོ་སློབ་དང་། ཝར་ཎ་མཐོ་སློབ། རྡོར་གླིང་ལྕགས་པོ་རི། དེ་བཞིན་སོག་ཡུལ་སོགས་ནས་གསོ་རིག་སྨན་པ་དང་སློབ་ཕྲུག་སོགས་ཚོགས་བཅར་བ་ཁྱོན་མི་གྲངས་ ༧༠ ལྷག་ཙམ་ཕེབས་ཡོད།

བོད་ཀྱི་གསོ་བ་རིག་པ་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་རམས་པ་སློབ་དཔོན་རག་རྡོ་བློ་བཟང་བསྟན་འཛིན་ལགས་ཀྱིས། གསོ་བ་རིག་པའི་ཉིན་མོ་ཞེས་སྲུང་བརྩི་ཞུ་དོན་གཙོ་བོ་ནི། འཛམ་གླིང་སྤྱིའི་འགྲོ་ལུགས་ལྟར་འགྲོ་བ་སྤྱི་ལ་ཕན་ཐོགས་ཅན་གྱི་བྱས་རྗེས་ཅན་རྣམས་ལ་དྲན་གསོ་ཞུ་རྒྱུ་དེ་བོད་ཀྱི་རིག་གཞུང་ལམ་སྲོལ་ནང་དུའང་ཡོད་པ་ལྟར་བཙན་བྱོལ་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་ལམ་སྟོན་འོག་གསོ་བ་རིག་པའི་གཞུང་ལུགས་སླར་གསོ་དང་། ལྷག་པར་དུ་འདས་པའི་ལོའི་ནང་སྨན་པ་དང་སྨན་ཞབས་པ་ཚོས་སྤྱི་ཚོགས་ནང་ཞབས་འདེགས་གང་ཐུབ་ཞུས་ཡོད་པ་ལྟར་བྱས་རྗེས་ཅན་དེ་དག་དྲན་གསོ་དང་བཀའ་དྲིན་རྗེས་དྲན་བཅས་ཀྱི་ཆེད་དུ་གསོ་བ་ཪིག་པའི་ཉིན་མོ་ཞེས་སྲུང་བརྩི་ཞུ་བཞིན་ཡོད་སྐོར་སོགས་གསུངས།

སྐབས་དེར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་༸རྒྱལ་བའི་བླ་ཞབས་པ་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་སུ་གཡུ་ཐོག་གཟེངས་རྟགས་ཕུལ་གནང་ཡོད།

གཡུ་ཐོག་གཟེངས་རྟགས་ནི། ལོ་གསུམ་རེར་བོད་ཀྱི་གསོ་རིག་བསྟན་པར་མཛད་རྗེས་བླ་མེད་འཇོག་གནང་མཛད་པའི་མི་སྣར་འབུལ་སྲོལ་ཡོད། འདི་ལོའི་གཟེངས་རྟགས་དེ་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་སུ་གསོ་བ་རིག་ལྷན་ཚོགས་ནས་སྤྱི་མོས་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་གཞུང་གི་ Ayush ལྷན་ཁང་གི་དྲུང་ཆེ་ལས་འཕར་གྱིས་ཕུལ་ཡོད།

ཐེངས་འདིའི་གཟེངས་རྟགས་འདི་དང་འབྲེལ་༸རྒྱལ་བའི་བླ་ཞབས་པ་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་གསུང་དོན། སྤྱིར་ཕྱི་ལོ་  ༡༩༦༡ ཟླ་ ༩ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་བོད་ནས་བཙན་བྱོལ་ནང་གསར་དུ་འབྱོར་བའི་གསོ་བ་རིག་པའི་སྨན་དང་རྩིས་གཉིས་ཀྱི་ཐོག་མཁས་དབང་དང་སྨན་པ་རྣམས་ལ་བོད་ཀྱི་གསོ་བ་རིག་པའི་རིག་གཞུང་ཕྱུག་པོ་དེ་དག་བསྐྱར་གསོ་ཐུབ་ཐབས་བཀའ་སློབ་སྩལ་ཡོད། དེར་བརྟེན་ལོ་རྒྱུས་ཀྱི་ཉིན་མོ་གལ་ཆེན་འདི་བསྐྱར་དྲན་ཞུ་ཆེད་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་དང་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་རྗེས་དྲན་ཞུ་སླད་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༡ ཉིན་བོད་ཀྱི་གསོ་བ་རིག་པའི་ཉིན་མོ་ཞེས་སྲུང་བརྩི་ཞུ་བཞིན་ཡོད། ཅེས་གསུངས། 

ཕྱོགས་མཚུངས་ལྡི་ལི་བོད་ཁང་དུ་སྨན་བླའི་དཀྱིལ་འཁོར་དང་། གསོ་བ་རིག་པའི་འགྲེམས་སྟོན། རིན་མེད་ནད་པ་བརྟག་དཔྱད་བཅས་གནང་གི་ཡོད་འདུག་པ་བཅས། །

Share with your friends










Submit