ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཟིམ་ཆུང་མཇལ་ཁའི་སྐབས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་སྐབས་ལྔ་པ་དང་དྲུག་པའི་རྒྱུན་ལས་དང་ལས་བྱེད་བཅས་ཁྱོན་མི་གྲངས་ ༡༢ ཙམ་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་དོན།
ང་ཚོས་རིག་གནས་ཆེ་བ་ལྔ་བཤད་པའི་ནང་གི་རིག་གནས་ཆེ་བའི་གྲས་ཤིག་ཆགས་ཡོད། དངོས་ཡོད་གནས་ཚུལ་ལ་སྔོན་མ་ལྡི་ལི་རྒྱ་གར་གཞུང་གི་སྨན་ཁང་ཞིག་གི་འགོ་ཁྲིད་དེ་བོད་སྨན་ཟ་གི་ཡོད་པ་དང་། ཁོ་ཚོའི་སྨང་ཁང་ནང་སྨན་བཅོས་བྱེད་མཁན་ནད་པ་ཁ་ཤས་ལ་ཁྱེད་རང་ན་ཚ་དྲག་པར་བོད་སྨན་ཟ་ན་བཟང་གི་རེད་ཅེས་བསླབ་བྱ་རྒྱག་གི་ཡོད། ཅེས་བརྗོད་བྱུང་། ནད་རིགས་འགའ་ཤས་ལ་བོད་སྨན་འདི་འཕྲོད་ཆེ་བ་དང་བཟང་བ་ཡོད་པའི་བཟོ་འདྲ་ཞིག་འདུག དེར་བརྟེན་བོད་སྨན་འདི་མི་མང་པོར་ཞབས་འདེགས་སྒྲུབ་ཐུབ་པ་དང་། ཕྱོགས་གཅིག་ནས་ཐད་ཀར་ནད་པར་ཕན་ཐོགས་ཡོད། གཉིས་ནས་མིང་དེར་བོད་སྨན་ཞེས་ཟེར་གྱི་ཡོད་སྟབས་བོད་ཀྱི་མཚན་མཐོང་ལའང་ཕན་རྒྱུ་རེད། བོད་ཀྱི་གསོ་བ་རིག་པ་ཟེར་དུས་བོད་ཀྱི་མཚན་མཐོང་ལའང་ཕན་གྱི་ཡོད། རྩ་བའི་རྒྱ་ནག་གི་སྨན་པ་དེ་འདྲ་དང་འབྲེལ་བ་བྱུང་ནས་རྩ་ལྟ་རྒྱུ་རིགས་རྒྱ་གར་གྱི་ཚེ་ཡི་རིག་བྱེད་Ayurvedic ཐོག་ནས་འབྲེལ་བ་ཡོད་པ་རེད། དེ་བཞིན་ཁ་ཆེའི་ཡུ་ན་ནི་དང་འབྲེལ་བ་ཡོད་པ་ཞིག་ཆགས་སྟབས། དེའི་ཚེ་དེའི་དུས་ཀྱི་ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་ཚོས་ཕྱོགས་བསྡུས་བྱས་པ་ལྟ་བུ་ཆགས་ཀྱི་ཡོད། འོན་ཀྱང་མིང་དེ་བོད་ཀྱི་གསོ་བ་རིག་པ་ཞེས་ང་ཚོ་བོད་པའི་མིང་འཁྱེར་གྱི་ཡོད་པ་འདི་ང་ཚོར་ཁེ་བཟང་རེད།
བོད་སྨན་གྱིས་ཕན་གྱི་ཡོད་པར་བརྟེན་ངོས་ལ་མཇལ་ཁ་ཡོང་མཁན་མང་པོ་ཞིག་གིས་འདི་གར་སྨན་རྩིས་ཁང་དུ་བོད་སྨན་བསྟན་གཏུགས་སླད་ཡོང་བ་ཡིན་ཟེར་མཁན་མང་པོ་འདུག དེ་ནས་ཧུར་ཐག་བྱོས་ཤོག་ཨང་། ཞེས་བཀའ་སློབ་སྩལ་བ་མ་ཟད། དེང་སྐབས་སྨན་རྩིས་ཁང་དུ་དགེ་ཕྲུག་ཇི་ཙམ་ཡོད་སྐོར་བཀའ་རྩད་ཕེབས་པར། སྨན་རྩིས་ཁང་དང་། དཔལ་གཤེན་བསྟན་སྨན་རིའི་གླིང་གི་གསོ་རིག་འབུམ་བཞིའི་མཐོ་སློབ། ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྨན་རྩིས་སྡེ་ཚན། ལྕགས་པོ་རི་དྲན་རྟེན་བོད་སྨན་མཐོ་སློབ་བཅས་སུ་སློབ་ཕྲུག་ཇི་ཡོད་སྐོར་ལྷ་སྙན་སྒྲོན་འབུལ་ཞུས་པར། ཐུགས་ཧ་ཅང་དགྱེས་ཚོར་མཛད་དེ་བཀའ་སློབ་སྩལ་དོན། སྔོན་མ་ནས་ངོས་ཀྱིས་བརྗོད་ཀྱི་ཡོད། དེང་དུས་སྨན་བཅོས་ཀྱི་རྫས་བརྟག་དཔྱད་བྱེད་རྒྱུ་དེ་འདྲ་དཔེར་ན། བོད་སྨན་ནང་དངུལ་ཆུའི་རྫས་སྦྱོར་དེར་དུག་རླངས་ཁྱོན་ནས་མི་འདུག་ཅེས་དེ་སྔ་ཨི་སི་རེལ་ལ་བརྟག་དཔྱད་བྱས་ནས་ར་འཕྲོད་བྱུང་བ་རེད། དེར་བརྟེན་དེ་ཚོའི་ཐོག་འབྲེལ་བ་ཤུགས་ཆེ་ཙམ་བྱེད་ཐུབ་ན། རྒྱ་གར་ཚེ་ཡི་རིག་བྱེད་ Ayurvedic སྐོར་མཁས་པ་དེ་འདྲའི་མཉམ་གོ་བསྡུར་མང་ཙམ་བྱས་ནས་ཕན་ཚུན་ལེགས་བཤད་སྤེལ་རེས་བྱེད་རྒྱུ་དེ་འདྲ་བྱུང་ན་མུ་མཐུད་ཡར་རྒྱས་འགྲོ་རྒྱུར་ཕན་གྱི་རེད། མཁྱེན་སོང་ངམ། ཞེས་བཀའ་སློབ་སྩལ།།