ཟླ་བ་ ༩ ཚེས ༡༡ ༢༠༡༩
Published By ngawang thokmey

ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༡ རེས་གཟའ་ལྷག་པ། 

༄༅། །བདེ་སྐྱིད་སླར་གསོ་ས་གནས་འགོ་འཛིན་ལས་ཁུངས་དང་། མཉམ་འབྲེལ་ལས་ཁང་གཉིས་ཀྱི་གོ་སྒྲིག་འོག་བོད་རྒྱལ་ལོ་ ༢༡༤༦ རབ་གནས་ས་ཕག་བོད་ཟླ་ ༧ ཚེས་ ༩ དང་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༧ ཉིན་སྦེལ་ཀོབ་བདེ་སྐྱིད་སླར་གསོ་མཉམ་འབྲེལ་ཚོགས་ཁང་དུ་བདེ་སྐྱིད་སླར་གསོ་བོད་མིའི་གཞིས་ཆགས་དང་མཉམ་འབྲེལ་ལས་ཁང་གཉིས་དབུ་བརྙེས་ཏེ་ལོ་ངོ་ ༥༠ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།


དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་ཀར་ན་ཀྲ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ཎི་ཇཱ་ལིང་གྷ་པ་དམ་པ་མཆོག་གི་སྲས་ Prof. S.N. Kiran Shankar མཆོག་དང་། དམིགས་བསལ་སྐུ་མགྲོན་གཞིས་ཆགས་འདི་བཞིན་ཐོག་མ་འཛུགས་སྐྲུན་འགན་འཁུར་བཞེས་མཁན་མེ་སོར་གཞིས་ཆགས་གསར་བསྐྲུན་དང་ཡར་རྒྱས་ཚོགས་པ་ MYRADA གྱི་ཚོགས་གཙོ་ S.S. MeenakshiSundaram མཆོག གོང་གསལ་ཚོགས་པའི་དྲུང་ཆེ་ Aloysius P. Fernandes མཆོག དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལྷོ་ཕྱོགས་གཞིས་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱིས་གཙོས་ལུགས་བདེ་གཉིས་ཀྱི་ལས་སྣེ་རྣམ་པ་སོགས་བདེ་སྐྱིད་སླར་གསོའི་མི་མང་ཚོགས་ཁང་དུ་ཚང་འཛོམས་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་སེལ་མར་མེ་ཞལ་ཕྱེ་དང་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་འབུལ།

དེ་ནས་འབྲི་གུང་བཀའ་དགོན་དང་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོའི་དགེ་འདུན་པ་གྲངས་བཞི་ནས་སངས་རྒྱས་ཀྱི་བསྟོད་པ་དང་། བཀྲིས་ཚིག་བརྗོད་གསུང་འདོན་དང་། སཾ་བྷོ་ཊ་སི་ཝི་པི་སློབ་གྲྭའི་རྔ་གླིང་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་ཕུལ་ཟིན་རྗེས། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་གཅེས་པའི་ལུས་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ཀྱི་ཆེད་མྱ་ངན་གུས་བཏུད་སྐར་མ་གཅིག་རིང་ཞུས།


དེ་ནས་རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཟིན་རྗེས། འདི་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ཆེན་མཛད་སྒོའི་ཆེད་གསུང་འཕྲིན་གསོལ་སྩལ་མཛད་པ་དེ་ཉིད་བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་ཚེ་རིང་ཆོས་འཛོམས་ལགས་ཀྱིས་གསུང་འཕྲིན་སྒྲོགས་སྦྱང་ཞུས་པ་དང། དེ་བཞིན་མཛད་སྒོའི་ངོ་སྤྲོད་གསུང་བཤད་གནང་།

དེ་ནས་དམིགས་བསལ་སྐུ་མགྲོན་ MYRADA གྱི་ཚོགས་གཙོ་ S.S. MeenakshiSundaram མཆོག་གིས་གསུང་བཤད་གནང་བའི་ནང་། ཕྲན་རང་དུས་ཆེན་འདིར་མགྲོན་འབོད་བྱུང་བར་ཧ་ཅང་དགའ་བོ་དང་། བོད་མི་རྣམས་ནས་འདི་ལྟ་བུའི་བཀའ་དྲིན་རྗེས་དྲན་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་སོང་། དེ་བཞིན་དམིགས་བསལ་སྐུ་མགྲོན་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་གསུང་བཤད་གནང་བའི་ནང་སྐུ་མགྲོན་གཙོ་བོ་མཆོག་དང་དམིགས་བསལ་སྐུ་མགྲོན་རྣམས་ལ་བོད་མིའི་ཚོའི་ཆེད་ས་ཆ་དང་། འཛུགས་སྐྲུན་ཆེད་མཐུན་འགྱུར་ཅི་ཆེར་གནང་བར་ཐུགས་རྗེ་ཆེ་དང་། དུས་ནམ་ཡང་བཀའ་དྲིན་བརྗེད་ཐབས་མེད་པའི་སྐོར་བོད་ཨིན་གཉིས་ཐོག་གསུང་བཤད་གནང་།

དེ་ནས་སྐུ་མགྲོན་གཙོ་བོ་ Prof. S.N. Kiran Shankar མཆོག་གིས་མཛད་སྒོའི་སྐུ་མགྲོན་གཙོ་བོར་མགྲོན་འབོད་ཞུས་པར་ཧ་ཅང་དགའ་བོ་དང་། སྐུ་ཞབས་མཆོག་གི་ཕ་དམ་པ་མཆོག་གིས་བཀའ་དྲིན་ལ་བརྟེན་ནས་མཛད་སྒོ་འདིར་བཅར་རྒྱུའི་གོ་སྐབས་དང་། ལོ་མང་སྔོན་ནས་སྦེང་ལོར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུ་རྒྱུའི་གོ་སྐབས་ཡང་ཡང་ཐོབ་ཡོད་པར་དགའ་ཚོར་ཡོད་པ་བཅས་གསུངས་སོང་།


དེ་ནས་སྐུ་མགྲོན་གཙོ་བོ་ Prof. S.N. Kiran Shankar མཆོག་གིས་འདས་པའི་ལོ་ངོ་ ༥༠ རིང་གི་བདེ་སླར་ས་གནས་འགོ་འཛིན་དང་། མཉམ་འབྲེལ་ཚོགས་གཙོ། མཉམ་འབྲེལ་དྲུང་ཆེ་བཅས་ལ་བཀའ་དྲིན་རྗེས་དྲན་སླད་ཆེ་བསྟོད་གཟེངས་རྟགས་གནང་ཡོད་པ་དང་། དམིགས་བསལ་སྐུ་མགྲོན་ MYRADA ཚོགས་གཙོ་ S.S. Meenakshisundaram མཆོག་གིས་འདས་པའི་ལོ་ངོ་ ༥༠ རིང་གི་བདེ་སླར་མཉམ་འབྲེལ་འགན་ལྷན་འཐུས་མི་རྣམས་ལ་བཀྲིན་རྗེས་དྲན་སླད་ཆེ་བསྟོད་གཟེངས་རྟགས་ཀྱང་གནང་ཡོད།

དེ་ནས་དམིགས་བསལ་སྐུ་མགྲོན་སྦེང་ལོར་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་བདེ་སླར་གཞིས་མཉམ་གཉིས་ཀྱི་ལས་ཁུངས་དང་ཁྱབ་ཁོངས་སྡེ་ཚན་དུ་ལོ་ ༢༠ ལྷག་ཕྱག་ལས་གནང་བའི་ལས་བྱེད་ལ་ཆེ་བསྟོད་གཟེངས་རྟགས་གནང་། གཞན་ཡང་གཞིས་ཆགས་ནང་ཞིང་པ་དང་སྒོ་ཕྱུགས་སེམས་ཅན་བདག་ཉར་བྱེད་མཁན་རྣམས་ལ་བསྔགས་བརྗོད་དང་རྗེས་སུ་ཡིད་རང་མཚོན་ཆེད་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་སྐོུ་བློ་བཟང་ཡེ་ཤེས་ལགས་ཀྱིས་བདེ་སླར་གཞིས་ཆགས་ནང་སྒོ་ཕྱུགས་སེམས་ཅན་མང་བ་གསོ་སྐྱོང་གནང་མཁན་མི་གྲངས་ ༡༠ དང་། ལོ་བཅུ་ནང་མཉམ་འབྲེལ་ལ་ཨ་ཤོམ་སྤུས་ཚོང་མང་ཤོས་གནང་མཁན་ཞིང་པ་གྲངས་ ༡༠ ལ་བྱ་དགའ་གསོལ་རས་གནང་།

མི་རབས་རྒན་པ་རྣམས་ཀྱིས་གཞིས་ཆགས་འདི་བཞིན་ཡར་རྒྱས་དང་སྲ་བརྟན་ཡོང་སླད་སྐུ་ངལ་མང་པོ་བསྐྱོན་ཡོད་པར་བཀའ་དྲིན་རྗེས་དྲན་སླད་ MYRADA དྲུང་ཆེ་སྐུ་ཞབས་ Aloysius P. Fernandes མཆོག་གིས་གཞིས་མི་རང་ལོ་ ༨༠ ཡན་ལ་བྱ་དགའ་གནང་ཡོད་པ་དང་། མཛད་སྒོར་དངོས་སུ་བཅར་མཁན་རང་ལོ་ ༨༠ ཡན་རྣམས་ལ་དམིགས་བསལ་སྐུ་མགྲོན་ལྷོ་ཕྱོགས་གཞིས་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་རྒན་བགྲེས་སོ་སོའི་སར་བཅར་ཏེ་མཇལ་དར་རེ་འབུལ་གནང་མཛད་ཡོད། སཾ་བྷོ་ཊ་སི་ཝི་པི་སློབ་གྲྭའི་སློབ་ཕྲུག་རྣམས་ནས་བཀྲིས་ཞོལ་པ་དང་། དེ་བཞིན་འཁྲབ་གཞས་དང་མཉམ་གཞས། གཡག་ཁྲབ་སྟོན་བཅས་གཟིགས་འབུལ་ཞུས་ཡོད།


མཐའ་དོན་མཉམ་འབྲེལ་ཚོགས་གཙོ་འཇིགས་མེད་འབྱུང་གནས་ལགས་ཀྱིས་མཛད་སྒོའི་སྐུ་མགྲོན་གཙོ་བོ་མཆོག་དང་། དམིགས་བསལ་སྐུ་མགྲོན། དེ་བཞིན་གདན་ཞུའི་སྐུ་མགྲོན་རྣམས་ཀྱིས་གཙོས་ཚང་མར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་སྐུ་མགྲོན་རྣམ་པ་དང་མི་མང་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས།
ཉིན་རྒྱབ་སཾ་བྷོ་ཊ་སི་ཝི་པི་སློབ་གྲྭར་མི་མང་རྣམས་འདུ་འཛོམས་ཀྱིས་འགོར་གཞས་འཁྲབ་ཡོད་པ་དང་། དེ་རྗེས་ལུགས་བདེ་གཉིས་ཀྱི་སིལ་སྤོལ་རྩེད་མཁན་རུ་ཁག་གཉིས་དབར་སིལ་སྤོལ་འགྲན་བསྡུར་ཞུས།


ཕྱི་དྲོ་ཆུ་ཚོད་ ༦  ཐོག་བདེ་སྐྱིད་སླར་གསོའི་གཞིས་གྲོང་སོ་སོ་ནས་དུས་ཚིགས་ཁྱད་པར་ཅན་འདིར་རིག་གཞུང་འཁྲབ་སྟོན་གནང་སྟེ་ལུགས་བདེ་གཉིས་ཀྱི་མི་མང་འདུ་འཛོམས་ཐོག་བོད་མདོ་དབུས་ཁམས་གསུམ་གྱི་གཞས་སྣ་འདྲ་མིན་ཁག་ ༡༩ ཙམ་གཟིགས་འབུལ་ཞུས་པ་དང་། དེར་སྐུ་མགྲོན་གཙོ་བོ་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོ་དགོན་པའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་ཕེབས་ཡོད་པ་དང་། རིན་པོ་ཆེ་མཆོག་གིས་མི་མང་ལ་གསུང་བཤད་གནང་ཡོད་པའི་ནང་བོད་ཀྱི་རིག་གཞུང་གཅེས་ཉར་དགོས་པ་བརྗོད་མི་དགོས་རུང་ནང་ཆོས་ཐོག་མི་མང་ཚང་མས་དོ་དབྱིངས་དགོས་པ་ཧ་ཅང་གལ་གང་ཆེན་པོ་ཡོད་པའི་སྐོར་བཀའ་སློབ་གནང་། དེ་རྗེས་སྐུ་མགྲོན་དང་མི་མང་ལ་དགོང་མོའི་གསོལ་ཚིགས་འདེགས་ཕུལ་གྱིས་མཛད་སྒོ་རྒྱལ་རྒྱའི་ངང་གྲོལ་ཡོད་པ་བཅས། །

Share with your friends










Submit