ཟླ་བ་ ༩ ཚེས ༡༠ ༢༠༡༩
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༠ རེས་གཟའ་མིག་དམར།

༄༅། །འདི་གར་ཨོ་སི་ཀྲི་ལི་ཡ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་འདི་ག་ཨོ་སི་ཀྲི་ལི་ཡ་ཁུལ་དུ་བོད་མི་རྣམས་ལ་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་གོ་རྟོགས་དང་། ལམ་སྟོན་གནང་ཆེད་ཕྱི་ཟླ་ ༩ ཚེས་ ༦ སྔ་དྲོ་ཆུ་ཚོད་ ༥ པའི་ཐོག་མེལ་སྦོན་གྲོང་ཁྱེར་གྱི་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་སྐབས་སྐུ་ཚབ་དོན་གཅོད་ལས་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། ཝེ་ཊོ་རེ་ཡ་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་གསར་རྙིང་རྣམས་ནས་ཕེབས་བསུ་ཞུས་ཡོད།


དེ་ཡང་ཕྱི་ཟླ་ ༩ ཚེས་ ༧ སྔ་དྲོ་ཆུ་ཚོད་ ༩ ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་གྱིས་མེལ་སྦོན་མི་མང་ལ་ཆུ་ཚོད་གཅིག་དང་ཕྱེད་ཙམ་རིང་བར་ལམ་འོས་བསྡུའི་སྒྲིག་གཞིའི་དོན་གནད་ཁག་གཅིག་ལ་བསྐྱར་བཅོས་བཏང་བའི་སྐོར་འགྲེལ་བཤད་མཐིལ་ཕྱིན་གནང་བ་དང་། དེ་ནས་ཆུ་ཚོད་གཅིག་ལྷག་རིང་མང་ཚོགས་ནང་ནས་དྲི་བ་སྣ་མིན་ཕེབས་པར་དོགས་སེལ་འགྲེལ་བཤད་བློ་ངེས་ཚིམས་པ་གནང་སྟེ་མང་ཚོགས་ཀྱིས་དགའ་བསུའི་ཐལ་སྒྲ་འབྲུག་སྒྲ་གྲགས་པ་ལྟར་ཚོགས་ཁང་ཡོངས་སུ་ཁེངས།

ཕྱི་ཟླ་ ༩ ཚེས་ ༧ ཕྱི་དྲོ་ཆུ་ཚོད་ ༤།༣༠ སྟེང་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཨོ་གླིང་རྒྱལ་ས་ཁེན་བྷེ་རའི་གནམ་ཐང་དུ་འབྱོར་སྐབས། དེར་བཞུགས་སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་ལགས་དང་། དྲུང་ཆེ་ལྷ་དབང་རྒྱལ་པོ་ལགས་ཀྱིས་གཙོས་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་དང་མང་ཚོགས་ནས་དགའ་བསུའི་ཕེབས་བསུ་ཞུས་པ་དང་། དགོང་དྲོ་ཆུ་ཚོད་ ༦།༣༠ སྟེང་ཁེན་བྷེ་ར་མི་མང་ལ་ཆུ་ཚོད་གཉིས་ཙམ་རིང་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་གོ་རྟོགས་སྤེལ་བ་དང་། ལམ་སྟོན་གནང་དགོས་མཐིལ་ཕྱིན་གནང་རྗེས་མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་། 

དེ་ནས་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་དང་མང་ཚོགས་རྣམས་དགོང་མོའི་གསོལ་སྟོན་ལ་མཉམ་རོལ་གནང་བ་མ་ཟད། བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་སྐལ་བཟང་ཡོན་ཏན་ལགས་ཀྱིས་ཁེན་བྷེ་ར་བོད་རིགས་ཡོངས་ཀྱི་ཚབ་ཞུས་ཏེ་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ལགས་ལ་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་ཤིག་ཀྱང་གནང་ཡོད།

ཕྱི་ཟླ་ ༩ ཚེས་ ༨ རེས་གཟའ་ཉི་མའི་སྔ་དྲོ་དོན་གཅོད་ལས་ཁུངས་སུ་འཚམས་གཟིགས་ཕེབས་པ་དང་། དེ་རྗེས་ནིའུ་ཁ་སིལ་དང་། སིད་ནི་གྲོང་ཁྱེར་བཅས་སུ་མུ་མཐུད་གོ་རྟོགས་སྤེལ་བར་ཕེབས་རྒྱུ་ཡིན་འདུག་པ་དང་བཅས། །

Share with your friends










Submit