ཟླ་བ་ ༩ ཚེས ༡༢ ༢༠༡༩
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༢ རེས་གཟའ་ཕུར་བུ། 

 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༡ ཉིན་གྱི་ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཌ་ཨིན་ཧྥ་ཨིན་སི་ཊེ་ཨིན་ Dianne Feinstein མཆོག་དང་ཐུག་འཕྲད་གནང་ཡོད་པ་དང་། སྐབས་དེར་ལྕམ་སྐུ་ཌ་ཨིན་ཧྥ་ཨིན་སི་ཊེ་ཨིན་མཆོག་གིས་བོད་དོན་ཆེད་སྲིད་བྱུས་གསར་པ་ཞིག་གཏན་འབེབས་ The new Tibet Policy Act གནང་འཆར་ཡོད་པ་དེར་མཉམ་འབྲེལ་གྱིས་མཐུན་རྐྱེན་སྦྱོར་རྒྱུའི་ཁས་ལེན་གནང་ཡོད།  དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨན་ཌེ་ལེ་ཝིན་ Andy Levin མཆོག་ལ་ཐུག་འཕྲད་གནང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨན་ཌེ་ལེ་ཝིན་མཆོག་གིས་ཁོང་རང་ཉིད་དེ་སྔ་བོད་ནང་ཕེབས་པ་དང་བོད་ཡིག་ཇི་ལྟར་སྦྱངས་པ་སོགས་ཀྱི་སྐོར་གསུངས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐུ་ཞབས་ཨན་ཌེ་ལེ་ཝིན་མཆོག་ལ་བཞུགས་སྒར་རྡ་སར་ཕེབས་རྒྱུའི་འབོད་སྐུལ་གནང་ཡོད།

ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་སྐུ་ཚབ་སམ་བྷི་རོན་བྷེ་གི་Sam Brownback མཆོག་ལ་ཐུག་འཕྲད་ཀྱིས་བོད་དོན་ཆེད་སྲིད་བྱུས་གསར་པ་ཞིག་གཏན་འབེབས་གནང་འཆར་ཡོད་པ་དེའི་དགོས་པ་དམིགས་ཡུལ་གཙོ་བོ་ནི་བོད་མིའི་ཆོས་དད་རང་དབང་དང་། བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་ཁོར་ཡུག་ཡར་རྒྱས་གོང་འཕེལ་གཏོང་ཆེད་ཡིན་པ་སོགས་ཀྱི་སྐོར་གྲོས་བསྡུར་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་མཚོ་དང་གཙང་ཆུ་ UN Convention on the Protection and Use of Transboundary Watercourses and International Lakes བེད་སྤྱོད་དང་སྲུང་སྐྱོབ་གནང་ཕྱོགས་ཀྱི་གྲོས་མཐུན་ཆིངས་ཡིག་ཐོག་རྒྱ་ནག་གཞུང་གིས་མིང་རྟགས་བཀོད་མེད་པར་བརྟེན། དེས་ཨེ་ཤི་ཡའི་མི་འབོར་ཐེར་འབུམ་ ༡.༥ ཡིས་བོད་མཐོ་སྒང་གི་གཙང་ཆུ་ལ་བརྟེན་ནས་འཚོ་བཞིན་པ་རྣམས་ཀྱི་འཚོ་རྟེན་ལ་དོ་ཕོག་འགྲོ་ཉེན་ཆེ་བའི་སྐོར་དང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཀྱི་སྐོར་གསུངས། ཨ་རིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་སྐུ་ཚབ་སམ་བྷི་རོན་བྷེ་གི་མཆོག་གིས་བོད་དོན་ཆེད་སྲིད་བྱུས་གསར་པ་ཞིག་གཏན་འབེབས་གནང་འཆར་ཡོད་པ་དེ་ལམ་ལྷོངས་ཡོང་བར་ཤུགས་རྒྱག་རྒྱུ་དང་། 

 

ཞིང་གཤེགས་དམ་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་ Donald Trump མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་ཡོང་བ་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་གངས་ཅན་ལྗོངས་སུ་གདན་འདྲེན་ཞུ་རྒྱུར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་དགའ་པོ་བྱུང་། ཞེས་དང་།  ང་ཚོ་ངོས་ནས་བོད་མིའི་སྤྲུལ་སྐུ་ངོས་འཛིན་གནང་ཕྱོགས་ཀྱི་ལམ་ལུགས་དེ་བོད་མི་རང་གི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཡིན་པ་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་གསུངས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་ཝན་བྷུ་ཁ་ནན་ Vern Buchanan མཆོག་དང་ཐུག་འཕྲད་གནང་སྐབས།  ཨ་རིའི་གྲོས་ཚོགས་འཐུས་མི་ཝན་བྷུ་ཁ་ནན་མཆོག་གིས་བོད་དོན་ཐད་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་སྐོར་གསུངས། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཝ་ཤིན་ཊོན་སྦྲག་ཡིག་ Washington Post ཅེས་པའི་ཚགས་པར་གྱི་རྩོམ་སྒྲིག་པ་ལགས་དང་ཐུག་འཕྲད་ཀྱིས་བོད་དོན་ཆེད་སྲིད་བྱུས་གསར་པའི་སྐོར་དང་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་ངོ་སྤྲོད་གཟབ་རྒྱས་གནང་ཡོད་པ་བཅས།།

Share with your friends










Submit