Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༠ རེས་གཟའ་ཟླ་བ། 

 

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་རེ་སྦུན་ཁང་ Rayburn House ཞེས་པའི་ནང་དུ་སྣེ་ལེན་གཟབ་རྒྱས་ཞུས་འདུག དེ་ཡང་སྣེ་ལེན་གྱི་མཛད་སྒོའི་ཐོག་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་མཉམ་འབྲེལ་ཚོགས་ཆུང་ House Democratic Partnership གི་ཚོགས་གཙོ་སྐུ་ཞབས་ཌེ་ཝིཌ་པ་རཡིས་ David Price མཆོག་དང་། ཚོགས་གཞོན་ཝན་བྷུ་ཁ་ནན་ Vern Buchanan མཆོག ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་སྐུ་ཇུ་ཌི་ཅུ་ Judy Chu མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་ཊེར་རི་སེ་ཝེལ་Terri Sewell མཆོག  ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་ཨ་རིའི་གྲོས་ཚོགས་འོག་མའི་ཤར་ཨེ་ཤི་ཡ་མངའ་ཁུལ་གྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འགན་འཛིན་གཅིག་ལྕོགས་སྐུ་ཞབས་ཊེཌ་ཡོ་ཧོ་ Ted Yoho མཆོག  གྲོས་ཚོགས་འཐུས་མི་ཁོན་ནོ་ལེ་ Gerry Connolly མཆོག    ཨ་རིའི་རྒྱལ་ཡོངས་མང་གཙོ་ཡར་རྒྱས་བསྟི་གནས་ཁང་ National Endowment for Democracy གི་འགན་འཛིན་ཁར་ལི་ Carl Gershman ལགས། གཞན་ཡང་ཨ་རིའི་ཚོགས་པ་ཁག་གི་འགན་འཛིན་ཁག་གཅིག་དང་།

དེ་བཞིན་ནེའུ་ཡོག་དང་། རྒྱལ་ས་ཁུལ། ཧྥི་ལ་ཌལ་ཧྥི་ཡ་བཅས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རྣམ་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ། ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་རྣམ་པ། ཨ་རིའི་གྲོས་ཚོགས་ཁང་གི་ལས་བྱེད་སོགས་ཆེད་ཕེབས་གནང་ཡོད། སྐབས་དེར་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཌེ་ཝིཌ་པ་རཡིས་མཆོག་གིས་བོད་དོན་ཐད་རྒྱབ་སྐྱོར་གྱིས་གསུང་བཤད་གནང་ཡོད།

སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གོ་སྒྲིག་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཉེ་ཆར་ཕྱི་ཟླ་ ༨ ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་མཉམ་སྦྲེལ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཌེ་ཝིཌ་པ་རཡིས་མཆོག་དང་། ཚོགས་གཞོན་ཝན་བྷུ་ཁ་ནན་མཆོག་གིས་དབུས། གྲོས་ཚོགས་ཀྱི་འཐུས་མི་དྲུག་དང་ལས་བྱེད། སྐུ་སྲུང་བ་བཅས་ཁྱོན་མི་གྲངས་སུམ་ཅུ་ལས་གྲུབ་པའི་སྐུ་ཚབ་ཆོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་ཕེབས་པའི་སྐབས་སུ་ཁོང་རྣམ་པ་ཚོ་དང་ལྷན་དུ་ཉིན་གུང་གི་ལྗགས་སྨིན་མཆོད་ཡོད་པ་སོགས་ཀྱི་སྐོར་གསུང་བ་དང་འབྲེལ། ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་མཉམ་སྦྲེལ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཌེ་ཝིཌ་པ་རཡིས་མཆོག་གིས་གཙོས་བོད་དོན་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཡོད།

ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་ Nancy Pelosi མཆོག་གིས། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་རང་དབང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པར་ཐུགས་འཚབ་ཡོད་པ་མ་ཟད། བོད་དོན་ཆེད་སྲིད་བྱུས་གསར་པ་ཞིག་ Tibet Policy Act  ཨ་རིའི་གྲོས་ཚོགས་ནང་གཏན་འབེབས་བྱ་རྒྱུར་འབད་བརྩོན་གང་ཐུབ་གནང་རྒྱུ་ཡིན་པ་སོགས་ཀྱི་སྐོར་གསུངས།

ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་Jim McGovern མཆོག་གིས་གཙོས་ཨ་རིའི་གནད་ཡོད་མི་སྣ་ཁག་གཅིག་ལ་ཐུག་འཕྲད་གནང་ཡོད་པ་བཅས། །

Share with your friends










Submit