གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༡ རེས་གཟའ་སྤེན་པ།

༄༅། །འདི་གར་དཔལ་འབྱོར་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་སུ་དཔྱ་དེབ་འགེངས་ཤོག་དང་ཡིག་ཆ་ Scanned གནང་སྟེ་ཀམ་པུ་ཊར་གྲངས་མཛོད་ནང་འཇོག་ཆེད་ཉིན་གླའི་ལས་བྱེད་ ༡ བསྐོ་གཞག་གནང་འཆར་ཡིན་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་ཞབས་འདེགས་ཞུ་བློ་ཡོད་རིགས་ནས་འཚང་སྙན་འབུལ་འཐུས།

དགོས་ངེས་ཆ་རྐྱེན།
༡། ཉུང་མཐར་འཛིན་རིམ་བཅུ་གཉིས་ཐོན་པའམ་དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཚད་ལྡན་ཡོད་པ།
༢། བོད་ཨིན་གཉིས་ཀ་བྲིས་ཀློག་རང་སྐྱ་འཕེར་བ་དགོས་རྒྱུ།
༣། ཀམ་པུ་ཊར་གྱི་ཤེས་ཚད་གང་ལེགས་ཡོད་པ།
 རྒྱུགས་གཞི།

བོད་ཨིན་གཉིས་ཐོག་ངག་རྒྱུགས་ལེན་རྒྱུ།

གོང་གསལ་ས་མིག་ཐོག་ཆ་རྐྱེན་ལྡན་རིགས་ནས་འཚང་སྙན་འགེངས་ཤོག་མཉམ་གཤམ་གསལ་ཡིག་ཆ་ཁག་ངེས་པར་མཉམ་སྦྱར་དགོས་རྒྱུ།
༡། འཛིན་རིམ་བཅུ་གཉིས་སམ་མཐའ་མའི་ཤེས་ཚད་ཨང་ཤོག་དང་ལག་འཁྱེར་ Class 12 certificate  གྱི་ངོ་བཤུས།
༢། ཕྱི་ལོ་ ༢༠༡༩ ཟླ་ ༠༣ ཚེས་ ༣༡ བར་འབུལ་འབབ་གཙང་ཕུལ་ཟིན་པའི་བོད་མིའི་དྭང་བླངས་དཔྱ་དངུལ་ལག་དེབ་ Green Book ཀྱི་ཤོག་གྲངས་དང་པོ་དང༌། གཉིས་པ། མཐའ་མ་བཅས་ཀྱི་ངོ་བཤུས།
༣། གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ལག་འཁྱེར་གྱི་ངོ་བཤུས། RC
༤། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང༌། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ Medical Certificate ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང༌། ས་རྟགས་འཁོད་པ་ངོ་མ།
༥། འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ Character Certificate ངོ་མ་བཅས་མཉམ་འབུལ་དགོས།

གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ། ལས་བྱེད་འདེམས་ལྷན་ནས་བསྐོ་གཞག་བྱས་པའི་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་མཆན་ལས་དམ་འཁོད་པ་ Attestation ཞུས་ཏེ་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༠ ཉིན་གྱི་དགོང་དྲོ་ཚོུད་ ༥ པ་འགྱངས་མེད་འདི་གར་འབུལ་དགོས་རྒྱུ། དོ་བདག་སོ་སོར་འབྲེལ་བ་གནང་བདེའི་སླད་ཁ་བྱང༌། གློག་འཕྲིན།  ཁ་པར་ཨང་བཅས་འཚང་སྙན་ནང་ཁ་གསལ་འགོད་དགོས། དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་ངོས་བཞེས་གནང་རྒྱུ་མིན།

ཕོགས་དང་ཐོབ་ཐང་གཞན།

དཔལ་ལྡན་བཀའ་ཤག་གི་ཉིན་གླའི་རྩ་འཛིན་དགོངས་དོན་ལས་ཉིན་རེར་ཉིན་གླ་སྒོར་ ༦༥༠།༠༠ འཐོབ་རྒྱུ། གཞུང་འབྲེལ་གུང་སེང་དང་རེས་གཟའ་སྤེན་པ་ཉི་མའི་གུང་སེང༌། དེ་མིན་ལས་ཁུངས་གློ་བུར་སྒོ་རྒྱབ་པ་དང༌། དམིགས་བསལ་གུང་སེང༌། དེ་བཞིན་དོ་བདག་རང་ངོས་ནས་ལས་བཅར་མ་ཞུས་པ་བཅས་ལ་ཉིན་གླ་མེད།

ཞུ་སྙན་ཕུལ་འབྱོར་ཁག་ལ་འདི་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་འབོད་བརྡ་དང་འབྲེལ་ངག་རྒྱུགས་ལམ་ནས་འདེམས་བསྐོ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་བཅར་དགོས་པ་བཅས། །

Share with your friends










Submit