ཟླ་བ་ ༨ ཚེས ༩ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

༢༠༡༩ ཟླ་ ༨ ཚེས་ ༩ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༩ ལོའི་ཨ་རིའི་ཏཱ་ལའི་བླ་མའི་དགེ་རྩ་ནས་རྒྱལ་ཁབ་འདྲ་མིན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཁག་གི་ནང་སློབ་གཉེར་གནང་བཞིན་པའི་བོད་རིགས་སློབ་མ་ ༡༦ གསར་དུ་འདེམས་སྒྲུག་གིས་སློབ་ཡོན་སྩལ་རྒྱུ་མ་ཟད།  དེ་སྔ་ལོ་གཅིག་གི་སློན་ཡོན་ཐོབ་ཟིན་པའི་བོད་རིགས་སློབ་གཉེར་བ་གྲངས་ ༡༤ བསྐྱར་དུ་འདེམས་སྒྲུག་གིས་མུ་མཐུད་ལོ་གཅིག་གི་སློབ་ཡོན་སྩལ་རྒྱུ་དང་།  འདི་ལོར་ཨ་རིའི་ཏཱ་ལའི་བླ་མའི་དགེ་རྩ་ནས་ཁྱོན་བོད་རིགས་སློབ་མ་ ༣༠ ལ་སློབ་ཡོན་སྩལ་རྒྱུ་ཡིན་ཞིང་།  སློབ་མ་རེ་རེར་མང་མཐར་སློབ་ཡོན་ཨ་སྒོར་ཁྲི་གཅིག་རེ་ཐོབ་རྒྱུ་དང་། ཐེངས་འདིའི་སློབ་ཡོན་ཁྱོན་བསྡོམས་ཨ་སྒོར་ཉིས་འབུམ་གསུམ་ཁྲི་དགུ་སྟོང་ལྔ་བརྒྱ་ཐམ་པ་ ༢༣༩༥༠༠ གསོལ་སྩལ་གནང་ཡོད་སྐོར་ཡིག་ཚང་ནས་ཕྱི་ཟླ་ ༨ ཚེས་༨ ཉིན་བསལ་བསྒྲགས་གནང་འདུག 
ཕྱི་ལོ་ ༢༠༡༩ ལོའི་སློབ་ཡོན་ཐོབ་མཁན་གྱི་བོད་རིགས་སློབ་གཉེར་བ་ཚོ་ཨ་རི་དང་། ཁེ་ན་ཌ། ཧྥ་རན་སི། འཇར་མ་ནི། སུད་ཛར་ལེནྜ་བཅས་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་ཕྲ་ཕུང་སྐྱེ་དངོས་རིག་པ་དང་། སྨན་སྦྱོར་རིག་པ། ཁྲིམས་ལུགས་རིིག་པ། ཁྲིམས་ལུགས་མཚུངས་བསྡུར། རྒྱལ་སྤྱིའི་ཤེས་ཡོན་རིག་པ་བཅས་ཀྱི་འབུམ་རམས་པའི་སློབ་གཉེར་བྱེད་བཞིན་ཡོད།

འདི་ལོར་སྙན་ཞུ་འབུལ་མཁན་སློབ་མ་ ༧༠ ལྷག་བྱུང་འདུག་པ་དེ་རྣམས་ཀྱི་སྙན་ཞུ་དང་ཡིག་ཆ་སོགས་ལ་འདེམས་སྒྲུག་ཚོགས་ཆུང་ནས་ཞིབ་མཇུག་མཐར་ཕྱིན་པ་གནང་རྗེས་ངག་རྒྱུགས་ལམ་ནས་འདེམས་སྒྲུག་གནང་རྒྱུ་ཡིན་འདུག
སྤྱིར་ཨ་རིའི་ཏཱ་ལའི་བླ་མའི་དགེ་རྩའི་གཙུག་ལག་སློབ་གཉེར་བའི་སློབ་ཡོན་གྱི་ལས་གཞི་འདི་ཕྱི་ལོ་ ༢༠༡༡ ལོ་ནས་འགོ་འཛུགས་གནང་ཏེ་ད་བར་བོད་རིགས་སློབ་གཉེར་བ་གྲངས་ ༡༦༠ ལ་ཨ་སྒོར་ས་ཡ་གཉིས་སློབ་ཡོན་གནང་ཟིན་འདུག་ཅིང་། སློབ་ཡོན་དེ་དག་བོད་རིགས་སློབ་གཉེར་བ་རྣམས་ནས་རང་གིས་བདམས་པའི་སློབ་ཚན་ཐོག་སློབ་སྦྱོང་གཟེངས་ཐོན་བྱུང་བ་དང་། གཤིས་སྤྱོད་བཟང་ལ་བྱམས་བརྩེ་ལྡན་པ་སོགས་རྩ་ཆེའི་བོད་ཀྱི་རིག་གཞུང་གོམས་སྲོལ་ལ་གཅེས་སྤྲས་བྱེད་མཁན་བཅས་ལ་གནང་བཞིན་ཡོད་འདུག་པ་བཅས།

Share with your friends










Submit