གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢ རེས་གཟའ་པ་སངས། 

 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༤༥ ཙམ་ལ་ཨ་རིའི་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་དྲུག་དང་སྐུ་ཟླ་རྣམ་པ། འབྲེལ་ཡོད་ལས་བྱེད། དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་བཅས་ཁྱོན་སྐུ་མགྲོན་གྲངས་  ༣༢ ཙམ་ག་གྷལ་གནམ་ཐང་དུ་ཕེབས་འབྱོར་སྐབས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས།  ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་རྡོར་ལགས་སོགས་འབྲེལ་ཡོད་ལས་བྱེད་ཁག་གཅིག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།

དེ་ཡང་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ནེ་ལི་ཌན་ Neal Dunn མཆོག་གིས་གསར་འགོད་པར་ཐེངས་འདིར་བཞུགས་སྒར་རྡ་སར་གཟིགས་སྐོར་དུ་ཕེབས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བོད་མིའི་སྒྲིག་འཛུགས་ལ་རྒྱུས་ལོན་བྱ་རྒྱུ་དང་བོད་མི་ཚོར་རོགས་རམ་ག་རེ་ཞུ་ཐུབ་པའི་ཆེད་དུ་བཅར་བ་ཡིན། ཞེས་དང་། གཞན་ཡང་ཨ་རིའི་མི་མང་གིས་བོད་མི་ཚོར་ཧ་ཅང་དགའ་པོ་གནང་གི་ཡོད། ཅེས་གསུངས་པ་དང་འབྲེལ་སྐུ་མགྲོན་རྣམ་པ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ལ་གཟིགས་སྐོར་དུ་ཕེབས་ཡོད།  ཨ་རིའི་གྲོས་ཚོགས་འཐུས་མི་རྣམ་པ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ལ་གཟིགས་སྐོར་དུ་ཕེབས་འབྱོར་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་རྣམ་པ་བཞུགས་སྒར་རྡ་སར་ཕེབས་འབྱོར་བྱུང་བའི་གནས་ཚུལ་གསན་ཡོད་པས་མགོན་པོ་གང་ཉིད་མཆོག་ཐུགས་དགྱེས་ཚོར་བྱུང་ཡོད་པ་དང་། སང་ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཨ་རིའི་གྲོས་ཚོགས་འཐུས་མི་རྣམ་པར་གུང་ཚིགས་འདེགས་འབུལ་ཞུ་རྒྱུ་རེད། ཅེས་གསུངས།

མང་གཙོ་ཚོགས་ཆུང་གི་ཚོགས་གཙོ་ཌེ་ཝི་ཌི་ David Price མཆོག་གིས་དགའ་ཚོར་དང་བཅས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ང་ཚོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇའ་ཁ་ཞུ་རྒྱུའི་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བོད་མིའི་སྒྲིག་འཛུགས་ནས་ང་ཚོར་མགྲོན་འབོད་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།

ག་གྷལ་གནམ་ཐང་དུ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཨ་རིའི་གྲོས་ཚོགས་འཐུས་མི་དྲུག་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཕེབས་པའི་སྐོར་གསར་འགོད་པར་གསུང་དོན། ཨ་རིའི་གྲོས་ཚོགས་འོག་མའི་ནང་མང་གཙོ་ཚོགས་ཆུང་ཞིག་ཡོད། དེའི་ནང་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀྱི་ཚོགས་མི་ཡོད་པ་རེད། གྲོས་ཚོགས་འཐུས་མི་དྲུག་ཡོད་པའི་ཁོངས་ནས་མང་གཙོ་ཚོགས་ཆུང་གི་ཚོགས་གཙོ་ཌེ་ཝི་ཌི་ David Price མཆོག་དང་ཚོགས་གཙོ་གཞོན་པ་ཝེན་སྦུ་ཁ་ནན་ Vern Buchanan མཆོག་གིས་གཙོས་ཁོང་རྣམ་པའི་སྐུ་ཟླ་དང་ལྡི་ལི་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་བཅས་ཁྱོན་སྐུ་མགྲོན་གྲངས་ ༣༢ ཙམ་ཕེབས་ཡོད།  ཅེས་གསུངས། །

Share with your friends










Submit