གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༧ རེས་གཟའ་མིག་དམར།

༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༠༨ ཚེས་ ༢༤ རེས་གཟའ་སྤེན་པ་སྔ་དྲོ་ཚོུད་ ༡༠ ཐོག་ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་གཞིས་ཆགས་ཀྱི་ས་གནས་འཐུས་ཚོགས་སྐབས་ ༩ པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༡༡ ནས་ཚོགས་མི་ ༡༠ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་པདྨ་ཆོས་སྐྱིད་ལགས་དང་ཚོགས་གཞོན་བསྟན་འཛིན་གསུང་རབ་ལགས་བཅས་ནས་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག


ས་གནས་འཐུས་ཚོགས་དམ་འབུལ་གྱི་བྱེད་སྒོ་དང་སྟབས་བསྟུན། གོང་ཚེས་ཉིན་གྱི་ཕྱི་དྲོ་ཚོུད་ ༠༢།༤༠ ཐོག་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པས་ཧར་པ་སྤུར་ས་གནས་མི་མང་ ༩༢ ཚང་འཛོམས་ཀྱིས་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ངོ་སྤྲོད་དང་སྦྲགས། བཅའ་ཁྲིམས་དགོངས་དོན་མང་གཙོ་ཀ་བ་གསུམ་སོ་སོའི་འགན་དབང་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་གཏུག་བཤེར་བྱ་རིམ། ཁྲིམས་ཁོངས་ཁྱབ་ཚད་སོགས་ཀྱི་གོ་རྟོགས་སྤེལ་འདུག་པ་བཅས། །