ཟླ་བ་ ༨ ཚེས ༩ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༡ རེས་གཟའ་པ་སངས། 

 

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༧ ཉིན་རྒྱ་གར་གྱི་མངའ་སྡེ་གུ་ཇི་ར་ཏིའི་གྲོང་ཁྱེར་ཝ་དོ་ད་རར་རྟེན་གཞི་བྱས་པའི་བྷ་རོ་ཌ་མཐོ་སློབ་ Maharaja Sayajirao University of Baroda ནང་དུ།  འགོ་ཁྲིད་དང་འཛིན་སྐྱོང་སྡེ་ཚན་གྱི་ཚོགས་ཁང་ནང་སློབ་མ་ཁག་གཅིག་ལ་དུས་ཐུང་ལག་ཁྱེར་diploma awards གནང་བའི་མཛད་སྒོའི་སྟེང་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་ཐོག་བོད་དེ་རྒྱ་གར་ལ་གལ་གནད་ཆེ་བའི་གནད་དོན་ཞིག་ཆགས་ཚུལ་སྐོར་གསུང་བཤད་གནང་འདུག  སྐབས་དེར་སྲིད་སྐྱོང་མཆོག་གིས་དགེ་ལས་སློབ་ཕྲུག་དང་སྐུ་མགྲོན་རྣམས་ལ་རྒྱ་གར་གནའ་རབས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་རྒྱ་གར་ནས་རྒྱ་ནག་དང་བོད་ཀྱིས་གཙོས་གླིང་ཕྲན་ཨེ་ཤི་ཡ་ཡོངས་ལ་དར་ཁྱབ་ཧ་ཅང་ཆེན་པོ་བྱུང་བ་དང་།

དུས་རབས་ ༧ དང་༨ པའི་ནང་བོད་ཀྱི་མཁས་པ་ཚོས་རྒྱ་གར་ནས་ལེགས་སྦྱར་གྱི་སྐད་ཡིག་སྦྱངས་ཏེ་༸རྒྱལ་བའི་བཀའ་བསྟན་གྱི་གསུང་རབ་མང་པོ་བོད་སྒྱུར་ཞུས་པར་བརྟེན་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་བོད་ནང་དར་སྤེལ་ཧ་ཅང་བྱུང་ཡོད། འོན་ཀྱང་ཕྱི་ལོ་ ༡༩༥༩ ནས་བཟུང་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་གཞུང་གིས་བོད་ནང་བཙན་འཛུལ་བྱས་ནས་བོད་ཀྱི་དགོན་སྡེ་ཁག་གཏོར་བཤིག་བཏང་བ་དང་།  གྲྭ་བཙུན་རྣམས་སྐྱ་སར་ཕབ་པ།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཚོན་བོད་མི་ཁག་གཅིག་རྒྱ་གར་གཙོ་བོར་གྱུར་བའི་ཡུལ་གྲུ་འདྲ་མིན་ནང་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་།  ད་བར་རྒྱ་གར་གཞུང་མི་གཉིས་ཀྱི་མཐུན་འགྱུར་རོགས་རམ་འོག་སྔར་བོད་ནང་གི་དགོན་སྡེ་དེ་དག་བཙན་བྱོལ་ནང་དུ་སླར་གསོ་གནང་ཐུབ་ཡོད་སྐོར་དང་།

གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འགོ་ཁྲིད་ཡང་དག་པ་ཞིག་ཡོང་བར་སྦྱོང་བརྡར་གནང་གལ་ཆེ་བ་དང་།  གཞན་ལ་སྐྱོན་བརྗོད་བྱས་ནས་བསྡད་པ་ཙམ་གྱིས་དཀའ་ངལ་སེལ་མི་ཐུབ་པར་བརྟེན། གཙོ་བོ་སྙིང་སྟོབས་དང་ཆོད་སེམས་བརྟན་པོ་རྒྱུན་སྐྱོང་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་གསུངས།  རྒྱ་གར་གྱི་ཕྱིར་འདྲེན་ཆེ་ཤོས་ནི་ནང་པ་སངས་རྒྱས་པའི་ཆོས་ཡིན་སྟབས། མི་ཚོས་རྒྱ་གར་འཕགས་པའི་ཡུལ་ཞེས་རྒྱ་གར་ལ་བརྩི་བཀུར་ཞུ་ཡི་ཡོད། རྒྱ་གར་གྱི་མི་རབས་གཞོན་པ་ཚོས་རང་གི་གནའ་བོའི་ལེགས་བཤད་དེ་དག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་བཏང་སྟེ་རྒྱ་གར་ནི་འཛམ་གླིང་ནང་མིག་དཔེར་ལྟ་འོས་པ་ཞིག་བསྐྲུན་དགོས་ཞེས་གསུང་བ་དང་འབྲེལ། བོད་དུ་བྱམས་སྙིང་རྗེ་དང་། རང་དབང་། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཅེས་གསུངས། །

 

 

Share with your friends










Submit