ཟླ་བ་ ༨ ཚེས ༡༤ ༢༠༡༩
Published By ngawang thokmey

ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༤ རེས་གཟའ་ལྷག་པ།

༄༅། །འདི་གར་སྦར་སིལ་སྐུ་ཚབ་དོན་ཁང་གིས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༤ ཉིན་སྦར་སིལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་ལས་བྱེད་མཐུ་སྟོབས་རྣམ་རྒྱལ། དེ་བཞིན་རིག་འཛིན་འགན་ཁང་གསུམ་གྱི་ཉེ་ཆར་འོས་བསྡུ་བྱུང་བའི་ཕི་ལེ་མིཤ་གྲོས་ཚོགས་ Flemish Parliament ཀྱི་ཚོགས་གཙོ་སྐུ་ཞབས་ Wilfried Vandale མཆོག་དང་མཇལ་འཕྲད་ཞུས་ཏེ་ཁོང་ལ་གྲོས་ཚོགས་ཚོགས་གཙོར་འདེམས་བསྐོ་བྱུང་བར་འཚམས་འདྲི་ཞུས་པ་དང་སྦྲགས། དོན་གཅོད་ལས་ཁུངས་དང་གྲོས་ཚོགས་མཉམ་རྒྱུན་རིང་འབྲེལ་བ་དམ་ཟབ་ཡོད་པ་གླེང་སློང་ཞུས་འདུག 

དེ་ཡང་དེ་སྔའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ Jan Peumans མཆོག་ནས་ལོ་མང་དོན་གཅོད་ལས་ཁུངས་དང་། ལས་ཁུངས་ཀྱི་ལས་འཆར། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ཕེབས་སྐབས་རྒྱུན་མཇལ་གནང་ཡོད་པར་བརྟེན་རྒྱ་མི་གཞུང་ཚབ་ཁང་ནས་ཁོང་ལ་སྔ་རྗེས་འབྲེལ་གཏུགས་བྱས་ཡོད། འོན་ཀྱང་ཁོང་གིས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་བཞིན་ཡོད། ཁ་སང་ཁོང་གྲོས་ཚོགས་ཀྱི་ཚོགས་གཙོ་སྔ་ཕྱི་གཉིས་མཇལ་འཕྲད་གནང་སྟེ་བོད་དང་བོད་ཀྱི་དོན་གཅོད་ཁང་སྐོར་གླེང་གློང་བྱུང་སྐོར་གསུངས་འདུག 

སྐུ་ཚབ་དོན་གཅོད་ནས་སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་མཐུན་ཚོགས་ལ་བསྔགས་བརྗོད་རྒྱ་ཆེ་མཛད་བཞིན་པའི་སྐོར་སོགས་ཞུས་པ་མ་ཟད། དེང་སྐབས་བོད་ནང་རྒྱ་ནག་གཞུང་གིས་བཙན་གནོན་དང་དམ་བསྒྲགས་ཇེ་ཆེར་ཡོད་པ་མ་ཟད། རྒྱ་ནག་ནས་རྒྱལ་སྤྱིའི་ནང་དུའང་དེ་ལྟའི་བཙན་ཤེད་དང་གནོན་ཤུགས་སྤྲོད་བཞིན་ཡོད་ནའང་། བར་ལམ་ནས་སྦེལ་ཇམ་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་རྒྱ་ནག་གཞུང་གི་བྱེད་བབ་ལ་གདོང་ལེན་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་འདུག

མཇུག་མཐར་སྐུ་ཞབས་ Vandale  མཆོག་མུ་མཐུད་གྲོས་ཚོགས་ཀྱི་ཚོགས་གཙོར་གནས་མིན་ཕྱི་ཟླ་ ༩ པའི་ཟླ་དཀྱིལ་ལ་ཕི་ལེ་མིཤ་གཞུང་གསར་འཛུགས་སྐབས་མཁྱེན་རྟོགས་ཡོང་རྒྱུ་དང་། ཁོང་ནས་མུ་མཐུད་བོད་དོན་ཐོག་དེ་སྔའི་ཚོགས་གཙོ་ལྟར་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད་པ་བཅས།

Share with your friends










Submit