ཟླ་བ་ ༨ ཚེས ༣༠ ༢༠༡༩
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༣༠ རེས་གཟའ་པ་སངས།

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་རྒྱལ་ཡོངས་ཡེ་ཤུ་རྣམ་དག་ཆོས་ལུགས་ཀྱི་སློབ་གྲྭ་མཐུན་ཚོགས་ནས་ཇི་ལྟར་སྔོན་ནས་གདན་ཞུ་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༩ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་གྲོང་ཁྱེར་མེངྒ་ལོར་དུ་༸ཞབས་སོར་བདེ་བར་འཁོད་ཡོད།

དེ་ཡང་མགོན་པོ་གང་ཉིད་མཆོག་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་མངའ་སྡེ་གཞུང་གི་སྐུ་ཚབ་དང་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་འདུག་པ་དང་། སྦེང་ལོར་གནམ་ཐང་དུ་ཆུ་ཚོད་ ༢ ཙམ་རིང་སྐུ་ངལ་གསོ་གནང་མཛད་རྗེས་ཉིན་གུང་ཆུ་ཚོད་ ༡༢།༣༠ ཙམ་ལ་མེངྒ་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ Hotel Gateway ཞེས་པའི་བཞུགས་གནས་གསོལ་མགྲོན་ཁང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་མངའ་སྡེའི་རྫོང་དཔོན་དང་སྤྱི་ཁྱབ་སྐོར་སྲུང་བ། རྒྱ་གར་རྒྱལ་ཡོངས་ཡེ་ཤུ་རྣམ་དག་ཆོས་ལུགས་ཀྱི་སློབ་གྲྭ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།

སྐབས་དེར་གདན་ཞུ་གོ་སྒྲིག་ཚོགས་ཆུང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མེངྒ་ལོར་གྲོང་ཁྱེར་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པར་ཐུགས་རྗེ་ཆེ་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། འདི་ངོས་ཀྱི་ལས་འགན་ཞིག་ཡིན། ངོས་ཀྱི་དམ་བཅའ་གཅིག་ནི། འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དེ་ཡིན། ཆོས་ལུགས་གཙོ་ཆེ་བ་ཚང་མར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་འཚེ་བ་མེད་པ་དང་བྱམས་བརྩེའི་བསླབ་བྱ་གཅིག་གྱུར་གསུང་གི་ཡོད། འདི་ལྟ་བུའི་ལྷན་ཚོགས་ཀྱིས་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་དང་གདུང་སེམས་མཉམ་སྐྱེ་མཚོན་གྱི་ཡོད་སྟབས་ཧ་ཅང་གལ་ཆེན་པོ་ཡིན། ཞེས་བཀའ་སློབ་སྩལ། །

Share with your friends










Submit