ཟླ་བ་ ༨ ཚེས ༩ ༢༠༡༩
Published By ngawang thokmey

༢༠༡༩ ཟླ་ ༨ ཚེས་ ༩ རེས་གཟའ་པ་སངས།

༢༠༡༦ ཟླ་ ༡༢ ནང་།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༩ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་མ་ན་ལིར་སྟོན་འཁོར་དང་བཅས་ས་ཐོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་མཛད་འདུག  དེ་ཡང་མཛད་འཆར་ལྟར་ན་དོ་དགོང་ལམ་བར་མན་ཌི་གྲོང་ཁྱེར་ནང་གི་བཞུགས་གནས་གསོལ་མགྲོན་ཁང་དུ་བཞུགས་བཞག་མཛད་རྒྱུ་དང་། ཕྱི་ཉིན་སྔ་དྲོ་མ་ན་ལིར་རྟེན་གཞི་བྱས་པའི་དཔལ་ལྡན་འོན་མངའ་རིས་གྲྭ་ཚང་དུ་ཆིབས་སྒྱུར་བསྐྱངས་གཏན་འཁེལ་འདུག  སྤྱིར་མགོན་པོ་གང་ཉིད་སྔ་ལོའི་ཕྱི་ཟླ་ ༡༠ ནང་ཁུལ་དེར་ཆིབས་སྒྱུར་བསྐྱང་གཏན་འཁེལ་ཡོད་ཀྱང་སྐབས་དེར་མ་ན་ལིར་ཆར་ཞོད་ཀྱིས་རྐྱེན་པས་ཆུ་ལོག་བྱུང་བར་བརྟེན་རེ་ཞིག་ཆིབས་སྒྱུར་ཕར་འགྱངས་མཛད་ཡོད།  ད་ལྟའི་ཆར་མ་ན་ལིར་མགོན་པོ་མཆོག་བདུན་ཕྲག་གཉིས་ཙམ་བཞུགས་བཞག་མཛད་རྒྱུ་ཡིན་འདུག

དེ་ཡང་སྤྱིར་ཕྱི་ཟླ་ ༨ ཚེས་ ༢༢ ཉིན་ཤང་དགའ་ལྡན་ཆོས་འཁོར་གླིང་དང་།   མདོ་ཁམས་ཆུ་སྒང་། སྤྱི་མཐུན་མཉམ་འབྲེལ། འབྲུག་སྡོད་བོད་མི། གོ་ཇོ་བཅས་ཚོགས་པ་ལྔས་མགོན་པོ་གང་ཉིད་སྐུ་ཚེ་མི་འཇིགས་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་ཡོད་ཀྱང་ད་ཆ་ཕྱི་ཟླ་ ༩ ཚེས་ ༡༣ གནང་རྒྱུ་ཡིན་འདུག་པ་བཅས།

Share with your friends










Submit