ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༥ ཉིན་བོད་མིའི་མགོན་སྐྱབས་བླ་ན་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་གཟིམ་ཆུང་དུ། མཇལ་བཅར་ཞུ་མིའི་ཁོངས་རྒྱ་གར་བ་མི་རབས་རྒན་གཞོན་ཁག་གཅིག་ལ་མཇལ་ཁའི་སྐབས་བཀའ་སློབ་སྩལ་དོན། ” ང་ཚོས་ཆོས་གང་དང་གང་ཡིན་ཡང་དེར་བརྟག་དཔྱད་བྱས་ནས་འགྲོ་བ་མ་གཏོགས་དད་པ་ཙམ་གྱི་རྗེས་སུ་འབྲངས་ནས་འགྲོ་གི་མེད། ལྷག་མཐོང་གི་ཉམས་ལེན་གཞིར་བཟུང་གཙོ་ཆེར་དཔྱད་སྒོམ་གཙོ་བོར་བྱས་ཀྱི་ཡོད། སྟོན་པ་རང་ཉིད་ཀྱི་ཞལ་ནས་ཀྱང་།
དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་བཀའ་སྩལ་ཡོད། དེར་བརྟེན་མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་སངས་རྒྱས་བསྐྱངས། ཟླ་བ་གྲགས་པ་ལྟ་བུ་དཔལ་ནཱ་ལེནྡྲའི་སློབ་དཔོན་ཆེན་པོ་དེ་དག་གིས་༸རྒྱལ་བའི་གསུང་ལ་དཔྱད་པ་ཧ་ཅང་མཛད་ཡོད། སློབ་དཔོན་དེ་དག་གིས་༸རྒྱལ་བའི་བཀའ་ལའང་དྲང་ངེས་ཀྱི་རྣམ་པར་ཕྱེ་ཡོད། ང་ཚོ་མཁས་པ་དེ་དག་གི་རྗེས་འཇུག་སློབ་མ་ཡིན་སྟབས་ང་ཚོས་སྟོན་པའི་གསུང་དེ་དག་སློབ་སྦྱོང་བྱེད་སྐབས་དེ་ཡིན་ན་འདི་ཡིན་དགོས། ཞེས་རིགས་ལམ་ཐོག་ནས་ཆོས་རྣམས་ཀྱི་གནས་ལུགས་ལ་དཔྱད་བཞིན་ཡོད། རྒྱབ་རྟེན་ཚད་མ་འདུག་དང་མི་འདུག་རྒྱུ་མཚན་བསྩལ་ནས་འགྲོ་བཞིན་ཡོད། དེར་བརྟེན་ང་ཚོའི་བསམ་བློ་གཏོང་སྟངས་དེ་ཚན་རིག་གི་འགྲོ་སྟངས་དང་ཧ་ཅང་མཐུན་པ་ཞིག་རེད།
ཆོས་རྣམས་ཀྱི་གནས་ལུགས་ལ་རིག་པའི་ལམ་ནས་དཔྱད་པ་བྱས་པ་མ་གཏོགས་རྨོངས་དད་བྱེད་ཀྱི་མེད། འདི་ནི་རྒྱ་གར་རང་གི་སྲོལ་རྒྱུན་གྱི་ལམ་སྲོལ་ཞིག་རེད། ཆོས་ལུགས་རིས་མེད་ཀྱི་ལྟ་ཚུལ་ཞིག་རྒྱ་གར་ནང་གནའ་སྔ་མོ་ནས་ཡོད་པ་དེས་ཆོས་ལུགས་ཚང་མར་གུས་བརྩི་ཞུ་རྒྱུའི་སྲོལ་བཟང་ཞིག་ཡོད། ངོ་མཚར་ལྡན་པ་རེད་འདུག ལྷག་པར་རྒྱ་གར་སྲོལ་རྒྱུན་ནང་ཞི་གནས་དང་ལྷག་མཐོང་གི་ཉམས་ལེན་ཐོག་ལོ་ངོ་གསུམ་སྟོང་ཙམ་ནས་དར་སྲོལ་ཡོད་པའི་འཚེ་མེད་ཞི་བའི་ལྟ་གྲུབ་ཡོད། ལྟ་གྲུབ་དེ་ཚུལ་མཐུན་ལག་བསྟར་ཡོང་བར་གཞན་ལ་སྙིང་རྗེའི་བསམ་པ་སྐྱེ་དགོས།
དེར་བརྟེན་སྙིང་རྗེའི་སྐོར་རྒྱ་གར་སྲོལ་རྒྱུན་ནང་ཉམས་བཞེས་གནང་གི་ཡོད། ལེགས་བཤད་དེ་དག་ད་ལྟའི་འཛམ་གླིང་ནང་དགོས་མཁོ་ཧ་ཅང་ཡོད་པ་ཞིག་ངོས་ཀྱིས་མཐོང་གི་འདུག ལྟོས་དང་ད་ལྟའི་འཛམ་གླིང་ནང་དཀའ་ངལ་ཇི་ཙམ་འདུག མི་གསོད་ཁྲག་སྦྱོར་ག་ཚོད་ཡོང་གི་འདུག ཆོས་ཀྱི་མིང་འཁྱེར་ནས་མི་གསོད་ཁྲག་སྦྱོར་ག་ཚོད་ཡོང་བཞིན་འདུག དུས་སྐབས་འདི་ལྟ་བུའི་ནང་རྒྱ་གར་སྲོལ་རྒྱུན་ནས་དར་སྲོལ་ཡོད་པའི་འཚེ་མེད་ཞི་བའི་ལྟ་གྲུབ་དེ་ཧ་ཅང་གནད་འགག་ཆེན་པོ་འདུག འཚེ་མེད་ཞི་བ་ཟེར་བ་དེའང་རྨོངས་དད་ཙམ་མ་བརྟེན་པར་རྒྱུ་མཚན་ལ་གཞི་བཅོལ་ནས་ཡོང་བ་རེད། དེ་དག་དངོས་གནས་གལ་གནད་ཧ་ཅང་ཆེན་པོ་འདུག ཅེས་བཀའ་སློབ་སྩལ།