Published By ngawang thokmey

ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༣ རེས་གཟའ་སྤེན་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཡོལ་ཙམ་ལ་ཨ་རིའི་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་དྲུག་ལས་གྲུབ་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་༸རྒྱལ་བའི་གཟིམ་ཆུང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་འདུག སྐབས་དེར་ཐོག་མར་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཌེ་ཝིཌ་པ་རཡིས་ David Price མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་ Nancy Pelosi མཆོག་གིས་ཕུལ་བའི་འཚམས་འཕྲིན་ཞིག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུམ་ལམ་ཞུས་པར་མགོན་པོ་གང་ཉིད་མཆོག་གིས། ལྕམ་སྐུ་མཆོག་དེ་སྔ་བོད་ནང་ཨ་རིའི་གྲོས་ཚོགས་འཐུས་མིའི་གཟིགས་སྐོར་སྐུ་ཚབ་ཚོགས་ཆུང་ནང་ཡོད་པ་ཐུགས་དྲན་གསོ་མཛད་འདུག 

དེ་ནས་མགོན་པོ་གང་ཉིད་ཀྱིས་ཨ་རི་ནི་བོད་མི་དང་བོད་དོན་ཐོག་ཡུན་རིང་ནས་རྒྱབ་སྐྱོར་ཧ་ཅང་ཤུགས་ཆེ་གནང་མཁན་ཞིག་ཡིན་པར་བརྟེན་བོད་མི་ཚོས་རེ་བ་རྒྱག་ས་ཆེ་ཤོས་ཤིག་ཡིན་པ་དང་། མགོན་པོ་མཆོག་གིས་དེང་སྐབས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གསོ་དེང་དུས་ཤེས་ཡོན་ལམ་ལུགས་ནང་འཇོག་ཐབས་མཛད་བཞིན་པ།  ཨ་རིར་མཚོན་ན་འཛམ་གླིང་ནང་རང་དབང་ལྡན་པའི་རྒྱལ་ཁབ་ཀྱི་སྣེ་ཁྲིད་མཁན་ཞིག་ཡིན་ཞིང་།  རང་དབང་ཞེས་པའི་གོ་དོན་ཐོག་བསམ་བློ་གཏིང་ཟབ་བཏང་བ་ཡིན་ན། རང་དབང་ཞེས་པ་དེ་མིའི་རྣམ་དཔྱོད་ཀྱི་རྩལ་ཡོངས་སུ་རྫོགས་པ་ཞིག་ཚང་བར་མཐུན་པའི་རྐྱེན་དུ་གྱུར་བ་ཞིག་ལ་གོ་དགོས་སྐོར་བཀའ་སློབ་སྩལ་དོན། ” རང་དབང་གི་བསམ་བློ་དེ་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་གཞི་བཅོལ་བ་ཞིག་ཡིན། ཁོང་ཁྲོ་ནི་མིག་རྒྱང་ཐུང་ཐུང་གི་བསམ་བློ་ཞིག་ཡིན།   སེམས་ཇི་ཙམ་ཞི་བདེ་བག་ཕེབས་ཡོད་པ་དེ་ཚོད་ཀྱི་དངོས་ཡོད་གནས་ཚུལ་ཇི་ཡིན་གསལ་པོར་རྟོགས་ཐུབ་པར་ཕན་རླབས་ཆེན་པོ་ཡོད།  དངོས་ཡོད་གནས་སྟངས་ནི་ཆོས་རྣམས་ཕན་ཚུན་ལྟོས་གྲུབ་ཡིན། ཚད་རྡུལ་དངོས་ཁམས་རིག་པ་བ་ཚོས་བརྗོད་པ་ལྟར། ཆོས་རྣམས་གཞན་ལ་བརྟེན་མི་དགོས་པར་རང་ངོས་ནས་གྲུབ་པ་ཞིག་མེད། ཅེས་པ་དེ་དངོས་ཡོད་གནས་སྟངས་རེད།

ཆོས་རྣམས་ཕན་ཚུན་བརྟེན་འབྲེལ་ལྟོས་གྲུབ་ཡིན།  ཆོས་རྣམས་ཇི་ལྟར་སྣང་བ་ལྟར་དུ་མ་གྲུབ་ཀྱང་མ་རིག་པའི་དབང་གིས་བདེན་པར་སྣང་བཞིན་ཡོད།  དེར་བརྟེན་མཐུན་ཕྱོགས་ལ་ཆགས་པ་དང་། མི་མཐུན་ཕྱོགས་ལ་སྡང་བའི་བསམ་པ་སྐྱེ་བཞིན་ཡོད། ཚད་རྡུལ་དངོས་ཁམས་རིག་པ་བ་ཚོས་ཆོས་རྣམས་ཇི་ལྟར་སྣང་བ་ལྟར་དུ་གཞན་ལ་མ་བརྟེན་པར་རང་ངོས་ནས་གྲུབ་པ་ཞིག་མི་འདུག ཅེས་བརྟག་དཔྱད་ལམ་ནས་གསལ་རྟོགས་ཐུབ་སྐབས་ཆགས་སྡང་གི་བློ་དེ་རང་བཞིན་གྱིས་ཆུང་དུ་འགྲོ་བར་ཕན་ཐོགས་ཧ་ཅང་འདུག  ཆོས་རྣམས་ཀྱི་རང་བཞིན་ལ་དཔྱད་པ་ཡིན་ན་ཕན་ཚུན་ལྟོས་གྲུབ་ཡིན་པ་ལས་རང་ངོས་ནས་གྲུབ་པ་ཞིག་རྡུལ་ཙམ་ཡང་མེད།  དེར་བརྟེན་ཆོས་རྣམས་ཀྱི་སྣང་ཚུལ་དང་གནས་ཚུལ་དབར་མི་མཐུན་པའི་ཁྱད་པར་ཧ་ཅང་ཆེན་པོ་ཡོད།

ཆགས་སྡང་སོགས་ཉོན་མོངས་པའི་བློ་དེ་དག་ལ་རྒྱབ་རྟེན་ཚད་མ་མེད། ངོས་རང་ཉིན་རེའི་ཉམས་ལེན་ནང་དུའང་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་གི་འགྲོ་སྟངས་དེར་བསམ་བློ་གཏང་གི་ཡོད། བསམ་བློ་གཏོང་སྟངས་འདི་དེ་སྔ་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་ནང་།  ཆོས་རྣམས་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད། ཅེས་པའི་ལངས་ཕྱོགས་དང་ཧ་ཅང་མཐུན་པ་ཞིག་རེད་འདུག ཆོས་རྣམས་མ་བརྟག་མ་དཔྱད་པའི་བློའི་ངོ་བོར་སྣང་ཡང་། སྣང་བ་ལྟར་དུ་བདེན་པར་གྲུབ་མེད།   ཐ་སྙད་བཏག་པ་ཙམ་གྱི་ངོ་བོར་གནས་ཡོད། ལྟ་གྲུབ་ཀྱི་རྣམ་གཞག་དེ་དག་ཧ་ཅང་མགོ་རྙོག་ཚ་པོ་ཡོད་ཀྱང་ཕན་ཐོགས་ཆེན་པོ་འདུག  ངོས་ཀྱི་རྒྱ་གར་བའི་གྲོགས་པོ་ཞིག་ཡོད། སྐུ་ཞབས་རཱ་ཇ་ར་མན་ན་ཞུ་བ་རེད། ཁོང་དངོས་ཁམས་རིག་པའི་ཚན་རིག་པ་རེད།  ཁོང་གིས་ངོས་ལ་གསུང་པར་ནུབ་ཕྱོགས་སུ་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་དེ་ལྟ་གྲུབ་གསར་པ་ཞིག་ལ་བརྩི་བཞིན་ཡོད།  འོན་ཀྱང་རྒྱ་གར་ནང་ལ་མཚོན་ན་ལོ་ངོ་ཉིས་སྟོང་གོང་ནས་རྣམ་གཞག་དེ་ཡོད་སྐོར་གསུང་བྱུང་། 

དེ་སྔ་ཨ་རིའི་སྲིད་འཛིན་རུ་སུ་ཝིལ་ཌི་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས་པའི་ཕྱག་ཚོད་སྐོར་གྲོས་ཚོགས་འཐུས་མི་རྣམས་ལ་ངོ་སྤྲོད་མཛད་བཞིན་པ།

ད་ཆ་ངོས་ཀྱི་ལས་འགན་བཞི་པ་ནི་ནང་སེམས་ཁམས་རིག་པའི་རྣམ་གཞག་དང་འབྲེལ་བའི་རྒྱ་གར་གནའ་རབས་སྲོལ་རྒྱུན་གྱི་ལེགས་བཤད་དེ་དག་རྒྱ་གར་ནང་དུ་སླར་གསོ་བྱ་རྒྱུ་དང་།  དེང་དུས་ཤེས་ཡོན་ལམ་ལུགས་ནང་ལེགས་བཤད་དེ་དག་ཟུང་འབྲེལ་ཐོག་ནས་སློབ་སྦྱོང་བྱ་རྒྱུ་ཡོད་པ་ཞིག་བཟོ་རྒྱུ་དེ་ཡིན།  རྒྱ་གར་ནང་ལ་མཚོན་ན་དེང་དུས་ཤེས་ཡོན་ལམ་སྲོལ་དེ་ཐོག་མར་ཨིན་ཇིས་ངོ་སྤྲོད་བྱས་ཡོད། ཅེས་བཀའ་སློབ་སྩལ་རྗེས། ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཌེ་ཝིཌ་པ་རེ་ཡི་སི་མཆོག་གིས་ David Price གསུང་དོན།  ཐེངས་འདིར་ང་ཚོ་ཨ་རིི་དང་ཡུན་རིང་ནས་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཤར་ཊི་མོར་ East Timor དང་། ཨིན་ཌོ་ནེ་ཤི་ཡ་ Indonesia དང་ལྷན་འབྲེལ་བ་རྒྱུན་སྐྱོང་ཆེད་ཡོང་བ་རེད།  ང་ཚོ་འདིར་རྡ་སར་སྐུ་ཉིད་ཀྱི་གསོལ་སྩལ་མཛད་པའི་མང་གཙོའི་སྒྲིག་འཛུགས་དང་གྲོས་ཚོགས་སུ་བཅར་ནས་གདུང་སེམས་མཉམ་སྐྱེ་ཞུ་ཐུབ་པ་དེ་གནས་སྟངས་གཅིག་རེད། འོན་ཀྱང་འདིར་སྐུ་ཉིད་མཆོག་མཇལ་ཁ་ཞུ་རྒྱུ་དང་།  ལམ་སྟོན་ཞུ་རྒྱུ་ནི་གནས་སྟངས་མཐའ་གཅིག་ཏུ་ཁྱད་པར་བ་ཞིག་རེད། སྐུ་ཉིད་ཀྱིས་ང་ཚོའི་བསམ་བློར་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཧ་ཅང་སྤྲད་བཞིན་འདུག དེར་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས། 

མཇལ་འཕྲད་རྗེས་ཉིན་གུང་ལྗགས་སྨིན་ལྷན་བཞེས་མཛད་འདུག དེ་རྗེས་གྲོས་ཚོགས་འཐུས་མི་རྣམས་༸རྒྱལ་བའི་ཕོ་བྲང་ནས་ཕྱིར་ཕེབས་སྐབས་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཌེ་ཝིཌ་པ་རེ་ཡི་སི་མཆོག་གིས་གསར་འགོད་པ་ཚོར་མཇལ་ཁའི་སྐོར་གསུང་དོན།  ང་རང་ཌེ་ཝིཌ་པ་རེ་ཡི་སི་ David Price ཡིན། ང་ཚོ་ཐེངས་འདིར་ཤར་ཊི་མོར་རྒྱལ་ཁབ་དང་ཨིན་ཌོ་ནེ་ཤི་ཡར་སྐོར་སྐྱོད་བྱས་རྗེས་འདིར་རྡ་སར་བཅར་བ་ཡིན།

འདིར་ང་ཚོ་བཅར་བ་ནི་སྐོར་སྐྱོད་ཀྱི་ལས་རིམ་གལ་ཆེ་ཤོས་ཤིག་ཡིན། དེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཁྱོན་དུ་བཟང་སྤྱོད་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་པར་བརྟེན་ནས་རེད། ཁོང་གི་ལམ་སྟོན་བཀའ་སློབ་དེ་དག་གིས་ང་ཚོ་ཨ་རི་བ་ཚོར་སེམས་འགུལ་ཧ་ཅང་གཏོང་བཞིན་ཡོད། ང་ཚོས་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད། སྲིད་སྐྱོང་མཆོག་འདིར་ཕེབས་ཡོད། ང་ཚོས་རོགས་རམ་གང་ཐུབ་ཞུ་རྒྱུ་ཡིན། གཙོ་ཆེར་ང་ཚོས་སྤྱི་ནོར་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མི་ཚོར་གུས་བཀུར་ཞུ་རྒྱུ་དང་། ལྷག་པར་བོད་མི་ཚོས་འཛམ་གླིང་ཁྱོན་ཡོངས་སུ་བཟང་སྤྱོད་ཀྱི་ཤུགས་རྐྱེན་ཆེན་པོ་ཞིག་སྤྲད་པ་དེར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ཞེས་གསུངས།

ཚོགས་ཆུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱག་རྟགས་ཤིག་འབུལ་ལམ་ཞུས་པ།

དེ་རྗེས་ཨ་རིའི་ཕོ་ལོ་རི་ཌ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝེན་བྷུ་ཁ་ནན་ Vern Buchanan མཆོག་གིས་གསུང་དོན། ང་ཚོ་ཐེངས་འདིར་རྡ་སར་འཚམས་གཟིགས་ཧ་ཅང་ལེགས་པོ་བྱུང་། བཀའ་ཤག་དང་གྲོས་ཚོགས་སུ་བཅར་བ་ཡིན། ཉིན་གཉིས་ཙམ་རིང་དེར་ཧ་ཅང་ཡག་པོ་བྱུང་། ང་ཚོའི་དམིགས་ཡུལ་གཙོ་བོ་ནི་ང་ཚོ་དང་བོད་མིའི་དབར་མཉམ་རུབ་ཐོག་ལས་དོན་སྤེལ་ཐབས་བྱ་རྒྱུ་དང་། སྤྱིར་དེ་སྔ་ནས་ང་ཚོ་དང་བོད་མིའི་དབར་འབྲེལ་བ་ཡོད་ཀྱང་འབྲེལ་བ་དེ་ད་ཆ་གནས་ཚད་ཇེ་མཐོར་གཏོང་ཐབས་བྱེད་བཞིན་ཡོད། ད་ལྟ་གཟིམ་ཆུང་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་ཀ་ཐོབ་པར་དགའ་ཚོར་ཧ་ཅང་བྱུང་།  ང་ཚོ་ཨ་རིའི་མང་གཙོ་དང་སྤྱི་མཐུན་ཚོགས་པ་ནས་གྲོས་ཚོགས་འཐུས་མི་གསུམ་རེ་བཅས་ཁྱོན་མི་གྲངས་དྲུག་མཇལ་ཁར་བཅར་བ་ཡིན། སྐབས་དེར་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་མ་འོངས་འཆར་སྣང་སྐོར་བཀའ་སློབ་སྩལ་བྱུང་། ང་ཚོས་ངོས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དགོངས་བཞེད་དེ་དག་འགྲུབ་ཆེད་ཕྱར་བ་གྲུ་འདེགས་གང་ཐུབ་ཞུ་རྒྱུ་ཡིན།  ཞེས་གསུངས། མཇལ་འཕྲད་སྐབས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་པ་ཆེན་པོ་དང་གཞུང་འབྲེལ་ལས་བྱེད།  བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག  བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཆེད་བཅར་ཞུས་འདུག་པ་བཅས།

 

སྐུ་དཔར་ཡོངས་ཁུངས་དགའ་ལྡན་ཕོ་བྲང་། 

Share with your friends










Submit