ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་དམིགས་བསལ་སློབ་སྟོན་པ་སྐུ་ཞབས་ཐོ་མེ་སི་Thames Noax ལགས་དང་ཐུག་འཕྲད་གནང་ཡོད་པ་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་ཁེ་པི་ཊོལ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་སྒྲོལ་ལགས་རྣམ་གཉིས་ལྷན་བཅར་གནང་ཡོད།
དེ་ཡང་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་སྐུ་ཞབས་ཐོ་མེ་སི་ལགས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་ཆོས་དད་རང་དབང་གི་སྐོར་གསུང་ཡོད་པ་མ་ཟད། ཆོས་ལ་དད་པ་མེད་མཁན་རྒྱ་ནག་དམར་ཤོག་གཞུང་གིས་བོད་ཀྱི་ཆོས་དད་རང་དབང་དང་བླ་སྤྲུལ་ངོས་འཛིན་ལམ་ལུགས་ལ་ཐེ་བྱུས་བྱེད་བཞིན་པ་ནི་རྦད་དེ་ཁུངས་ལུང་མེད་པ་རང་རེད། ཅེས་དང་།
གཞན་ཡང་རྒྱ་ནག་གཞུང་གིས་བོད་ནང་དུ་དགོན་པ་རེ་ལ་དོ་དམ་ཚོགས་ཆུང་རེ་བཙུགས་ཏེ་དགོན་པའི་ཉིན་རེའི་བྱེད་སྒོ་ཁག་ལ་དོ་དམ་བྱེད་བཞིན་ཡོད་པར་བརྟེན། དགོན་པ་སོ་སོས་དགོན་པའི་ནང་སྤྱིར་བཏང་གི་བྱེད་སྒོ་ཞིག་སྤེལ་བར་ཧ་ཅང་ཁག་པོ་ཡོད་པའི་སྐོར་དང་། དེ་བཞིན་བོད་ནང་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཉམས་རྒུད་དུ་འགྲོ་བཞིན་པའི་ཉེན་ཁའི་སྐོར་གསུངས་ཡོད།
སྐབས་དེར་སྐུ་ཞབས་ཐོ་མེ་སི་ལགས་ཀྱིས་བོད་ནང་གི་ཆོས་དད་རང་དབང་གི་ཐད་ལ་ཐུགས་འཚབ་ཆེན་པོ་གནང་གི་ཡོད་པ་མ་ཟད། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་ཚོགས་འདུའི་སྐབས་ཨ་རི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་གཞུང་ཚབ་བྷི་རོན་བྷད་ཁི་ Brownback ལགས་ཀྱིས་རྒྱ་ནག་ནང་གི་ཆོས་དད་རང་དབང་སྐོར་གླེང་སློང་གནང་ཡོད་པའི་སྐོར་དང་།
ཕྱོགས་མཚུངས་བལ་ཡུལ་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པའི་སྐོར། རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ངོས་ནས་བོད་ནང་གི་ཆོས་དད་རང་དབང་ལ་གང་ཐུབ་ཅི་ཐུབ་གནང་རྒྱུ་ཡིན། ཞེས་གསུངས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ངོས་འཛིན་ལམ་ལུགས་ལ་ཐེ་བྱུས་བྱེད་བཞིན་པ་དེ་དོན་དངོས་སུ་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་རྩེ་གཅིག་ཏུ་བྱེད་མཁན་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་རྣམས་ལ་དམའ་འབེབས་དང་འཕྱ་སྨོད་བྱེད་བཞིན་ཡོད་པ་རེད། ཅེས་གསུངས།
ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་སྐུ་ཞབས་ཐོ་མེ་སི་ལགས་ལ་ཁ་བཏགས་དང་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་སྐུ་གོང་མའི་མཛད་རྣམ་གྱི་དེབ་ཅིག་གནང་འདུག་པ་བཅས། །