ཟླ་བ་ ༨ ཚེས ༡༥ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༥ རེས་གཟའ་ཕུར་བུ། 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༥ རེས་གཟའ་ཕུར་བུའི་ཉིན་རྒྱ་གར་རྒྱལ་ས་ལྡི་ལི་གཙོ་བོར་གྱུར་བའི་རྒྱ་གར་རྒྱལ་ཡོངས་ཙམ་མ་ཟད། འཛམ་གླིང་ཡུལ་གྲུ་འདྲ་མིན་ནང་གནས་སྡོད་བྱེད་བཞིན་པའི་རྒྱ་གར་ཡུལ་མི་ཚོས། དེ་སྔ་ཕྱི་ལོ་ ༡༩༤༧ ཟླ་ ༨ ཚེས་ ༡༥ ཉིན་རྒྱ་གར་ཨིན་ཇིའི་བཙན་རྒྱལ་ལམ་ལུགས་ཀྱི་དབང་སྒྱུར་འོག་ནས་རང་བཙན་ཐོབ་སྟེ་ད་བར་མི་ལོ་ ༧༣ འཁོར་བའི་ཉིན་མོ་སྲུང་བརྩི་ཞུ་བཞིན་པའི་སྐབས་དང་བསྟུན།

ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་  ༩།༡༥ ཐོག་རྡ་སར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་མདུན་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག  སྲི་ཞུ་བ་དྲུང་འཕར་ཡན་གྱི་ལས་བྱེད་བཅས་ཚང་འཛོམས་ཐོག་རྒྱ་གར་རང་བཙན་ཐོབ་པའི་དུས་ཆེན་ཐེངས་ ༧༣ སྲུང་བརྩི་གཟབ་རྒྱས་ཞུས་ཡོད།

དེ་ཡང་གོང་ཚེས་ཉིིན་གྱི་སྔ་དྲོ་ཆུ་ཚོད་ ༩། ༡༥ ཐོག་ཚང་འཛོམས་ཀྱི་ཐོག་མར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་བ་དང་སྦྲགས། རྒྱ་གར་རྒྱལ་གླུ་དབྱངས་སུ་གྱེར་མཚམས་སྲིད་སྐྱོང་མཆོག་གིས་ཕྱི་ནང་གི་གསར་འགོད་པ་རྣམས་ལ་དུས་ཆེན་ཁྱད་པར་ཅན་དང་སྦྲགས་གསུང་དོན།

དེ་རིང་རྒྱ་གར་ཨིན་ཇིའི་དབང་འོག་ནས་རང་བཙན་ཐོབ་སྟེ་མི་ལོ་ ༧༣ འཁོར་བའི་དུས་ཚིགས་ཁྱད་པར་ཅན་ཞིག་ཆགས་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་གར་གཞུང་མང་གཉིས་ལ་འཚམས་འདྲི་ཞུ་རྒྱུ་ཡིན། དེ་རིང་གྱི་དུས་ཆེན་གལ་ཆེ་དང་སྟབས་བསྟུན་རྒྱ་གར་འཕགས་པའི་ཡུལ་དེ་བཞིན་ལོ་ནས་ལོར་དཔལ་འབྱོར་གནས་བབ་ཡར་རྒྱས་ཇེ་ཆེར་འགྲོ་ཐུབ་པ་དང་།  མང་ཚོགས་ཀྱི་དཀའ་སྡུག་རྣམས་སེལ་ནས་ཡུལ་མི་རྣམས་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་རྒྱུའི་སྨོན་འདུན་ཡོད། བོད་མི་དང་བོད་དོན་སླད་རྒྱ་གར་གཞུང་མང་གཉིས་ལས་ལྷག་པའི་བཀའ་དྲིན་ཆེ་བ་ཞིག་འཛམ་གླིང་འདིའི་ནང་རྒྱལ་ཁབ་གཞན་མེད་པར་བརྟེན་དེ་རིང་གི་གོ་སྐབས་དང་བསྟུན་རྒྱ་གར་གཞུང་མང་གཉིས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དུས་དང་རྣམ་པ་ཀུན་དུ་མགོན་པོ་གང་ཉིད་མཆོག་རྒྱ་གར་གྱི་བུ་ཞིག་ཡིན་སྐོར་བཀའ་སློབ་བསྩལ་བཞིན་ཡོད། དེ་རིང་རྒྱ་གར་རང་བཙན་ཉིན་མོ་དང་སྟབས་བསྟུན། རྒྱ་གར་གྱི་སྤྲུན་མཆེད་ཉིན་མོར་ Rakhi འཚམས་འདྲིས་དང་ཡུལ་མི་ནང་ཁུལ་མཛའ་བརྩེ་དང་འཆམ་མཐུན་ཡོང་བའི་རེ་འདུན་གནང་།

སྐབས་དེར་བོད་དོན་འཐབ་རྩོད་དང་འབྲེལ་གསུང་དོན། བོད་པའི་འཐབ་རྩོད་འདི་ནི། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་བཀའ་སློབ་སྩལ་བ་ལྟར། བདག་ཉིད་ཆེན་པོ་གྷན་དི་མཆོག་གིས་འཚེ་མེད་ཞི་བའི་ལམ་ནས་རྒྱ་གར་རང་བཙན་ཐོབ་པ་རེད། ཕྱོགས་མཚུངས་ང་ཚོས་ངོས་ནས་འཚེ་མེད་ཞི་བའི་དང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་པའི་ཐོག་ནས་མིང་དོན་མཚུངས་པའི་རང་སྐྱོང་རྩོད་བཞིན་ཡོད་པའི་ཐོག་ནས་བོད་ཀྱི་རྩ་དོན་སྒྲུབ་རྒྱུ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ཁ་བའི་ལྗོངས་སུ་གདན་འདྲེན་ཞུ་ཐུབ་པ་དང་། བོད་མིར་རང་དབང་སླར་གསོ་མགྱོགས་མྱུར་ཡོང་ཐུབ་པའི་རེ་བ་

ཞུ་བཞིན་ཡོད། ཅེས་གསུངས།

 

དེ་ནས་སླར་ཡང་ཧོང་ཀོང་གི་གནད་དོན་དང་འབྲེལ་གསུང་དོན། ཧོང་ཀོང་དུ་ཡོད་པའི་མང་གཙོ་རྩོད་མཁན་ཡོངས་ལ་བོད་མི་ཡོངས་ནས་གདུང་སེམས་མཉམ་སྐྱེ་ཞུ་བཞིན་ཡོད། ཅེས་ཞུ་རྒྱུ་ཡིན། སྤྱིར་མང་གཙོ་ཞེས་པ་ནི་འགྲོ་བ་མིའི་རང་བཞིན་གྱི་ཐོབ་ཐང་ཞིག་ཡིན། ཧོང་ཀོང་གི་གནད་དོན་དེ་ནི། འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་གཞིའི་ཆ་ནས་འགྲོ་བ་མིའི་ཐོབ་ཐང་རྩོད་བཞིན་ཡོད། གཞན་གནས་ཚུལ་གོ་རྟོགས་ལ། རྒྱ་མི་དམག་མི་རྣམས་ཧོང་ཀོང་གི་ས་མཚམས་སུ་སྐྱོད་བཞིན་ཡོད་སྐོར་སོགས་དང་། གནད་དོན་རྣམས་གྲོས་མོལ་ལམ་ནས་སེལ་ཐུབ་པ་ཡིན་ན་ཡག་པོ་ཡོད་སྐོར་སོགས་གསུང་གྲུབ་མཚམས་བཀའ་ཤག་གི་མཇལ་འཕྲད་ཁང་ནང་རྟེན་འབྲེལ་གསོལ་ཇ་དང་མངར་ཟས་བཤམས་ཏེ་མཛད་སྒོ་གྲོལ།

དེ་བཞིན་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ཀངྒ་ར་རྫོང་ལས་ཁུངས་ཀྱི་གོ་སྒྲིག་འོག  རྡ་ས་སྐོར་སྲུང་ཉེན་རྟོག་པའི་རྩེད་ཐང་དུ་རྒྱ་གར་རང་བཙན་ཉིན་མོའི་དུས་ཆེན་མཛད་སྒོར་ཀངྒ་ར་རྫོང་ལས་ཁུངས་ཀྱིས་མགྲོན་འབོད་ལྟར་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག  དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས། རྡ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་བཅས་མཛད་སྒོར་མཉམ་ཞུགས་གནང་ཡོད།

མཛད་སྒོའི་ཐོག་ཧི་མཱ་ཅལ་མངའ་སྡེའི་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་བློན་ཆེན་སྐུ་ཞབས་ཝི་པིན་སིངྒ་པར་མར་ Vipin Singh Parmar མཆོག གྲོས་ཚོགས་འཐུས་མི་སྐུ་ཞབས་ཀི་ཤན་ཀ་པུར་ Kishan Kapoor མཆོག དེ་བཞིན་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་གཅིག་ལྷན་ཞུགས་གནང་ཡོད་པ་བཅས། །

 

Share with your friends










Submit