ཟླ་བ་ ༨ ཚེས ༩ ༢༠༡༩
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༡ རེས་གཟའ་པ་སངས། 

 

༄༅། །བྷ་རོ་ཌ་ས་གནས་གཞོན་ནུའི་གོ་སྒྲོག་འོག་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་གྱི་མངའ་སྡེ་གུ་ཇི་ར་ཏིའི་གྲོང་ཁྱེར་ཝ་དོ་ད་རའི་ནང་རྟེན་གཞི་བྱས་པའི་བྷ་རོ་ཌ་མཐོ་སློབ་ Maharaja Sayajirao University of Baroda ཁང་གི་བོད་པའི་སློབ་ཕྲུག་རྣམས་ལ་ཐུག་འཕྲད་ཀྱིས་གསུང་བཤད་གནང་དོན།

བྷ་རོ་ཌ་ས་གནས་གཞོན་ནུ་ངོས་ནས་ལོ་ངོ་ ༢༣ རིང་ཕྱག་ལས་ཡག་པོ་ཞེ་དྲག་གནང་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྲན་རང་ཉིད་ནས་ཀྱང་དེ་སྔ་ལྡི་ལིའི་ས་གནས་གཞོན་ནུ་དང་དབུས་རྒྱུན་ལས་བྱས་མྱོང་ཡོད། གཞོན་ནུ་ཚོགས་པ་གལ་ཆེན་པོ་རེད། སློབ་གྲྭ་དང་མཐོ་སློབ་འགྲིམ་བཞིན་པའི་སྐབས་གཞོན་སྐྱེས་ཚོས་ལས་འགུལ་གྱི་ཆ་ཤས་བླངས་པ་ཡིན་ན། མ་འོངས་པར་འགོ་ཁྲིད་བྱ་རྒྱུར་ཕན་ཐོགས་འདུག

ཕྲན་རང་ཉིད་དེ་སྔ་ལྡི་ལིའི་མཐོ་སློབ་ཏུ་འགྲིམས་པའི་སྐབས་གཞོན་ནུའི་ལས་འགུལ་ནང་མཉམ་ཞུགས་གང་མང་བྱས་པར་བརྟེན་འགོ་ཁྲིད་ཀྱི་མཉམ་མྱོང་གང་འཚམ་ཐོབ་བྱུང་། དེར་བརྟེན་རྣམ་པ་ཚོས་ལས་འགུལ་ནང་ཆ་ཤས་ལེན་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་དང་། སྔོན་མ་ཡིན་ན་དབུ་མའི་ལམ་རྩོད་མཁན་ཚོར་ཁྱེད་ཚོ་རྒྱལ་ཚོང་པ་རེད་ཅེས་རང་བཙན་རྩོད་མཁན་ཚོས་སྐྱོན་བརྗོད་བྱས་མྱོང་ཡོད། དབུ་མའི་ལམ་རྩོད་མཁན་ཚོས་རང་བཙན་རྩོད་མཁན་ཚོར་ཁྱེད་ཚོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་འགལ་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱས་མྱོང་ཡོད། ད་ཆ་དེ་ལྟར་མ་ཡིན་པར་ཕན་ཚུན་དབར་བགྲོ་གླེང་ལྷུག་པོར་གནང་དགོས་པ་ལས་འཁོན་འཛིན་བྱེད་རྒྱུ་མེད། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་ང་ཚོ་ཕྱིའི་རྒྱལ་ཁབ་གང་སར་འགྲོ་ཐུབ་ཀྱི་ཡོད། དབུ་མའི་ལམ་ནི་ཞི་བའི་ལམ་རེད། ཅེས་གསུང་། ཕྱོགས་མཚུངས་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༣ ཉིན་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་རྡ་སར་འཚམས་གཟིགས་སུ་ཕེབས་སྐབས་ང་ཚོ་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྐོར་ངོ་སྤྲོད་བྱས་པར། ཁོང་རྣམ་པས་བསྔགས་བརྗོད་དང་ཧ་ཅང་དགའ་མོས་གནང་བྱུང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཧ་ཅང་ཚགས་ཚུད་པོ་བྱུང་ཡོད། བཙན་བྱོལ་བོད་མིའི་འབྲི་ཀློག་ཤེས་ཡོན་གྱི་ཚད་མཐོན་པོ་ལོན་ཡོད།

རྣམ་པ་ཚོས་སློབ་སྦྱོང་གཏིང་ཟབ་གནང་རོགས། རྣམ་པ་ཚོས་གཞུང་ཞབས་ཀྱི་ཆེད་དུ་ཡིག་རྒྱུགས་གཏོང་རྒྱུ་ཡིན་ན་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཟླ་གྲངས་བཅུའི་རིང་བོད་ཀྱི་ཆོས་དང་རིག་གཞུང་། རྒྱལ་རབས་ལོ་རྒྱུས། སྐད་ཡིག་སོགས་སྦྱོང་རྒྱུའི་གོ་སྐབས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་མཐོ་རིམ་སློབ་མའི་དྲི་བར་དྲིས་ལན་ཁ་གསལ་གནང་ཡོད་པ་བཅས།།

Share with your friends










Submit