ཟླ་བ་ ༨ ཚེས ༨ ༢༠༡༩
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༨ རེས་གཟའ་ཕུར་བུ། 

 

༄༅། །རྒྱ་ནག་གཞུང་གི་བོད་ས་ཡོངས་རྫོགས་དྲག་པོའི་ཐོག་ནས་བཙན་བཟུང་བྱས་ཏེ་བོད་མི་ས་ཡ་གཅིག་ལྷག་ཙམ་འདས་གྲོངས་སུ་གྱུར་བ་དང་། ཁྲི་ཚོ་མང་པོ་ཉེས་མེད་བཙོན་འཇུག་དང་མི་སྤྱོད་ལས་འདས་པའི་གདུག་རྩུབ་མནར་གཅོད་མྱངས་དང་མྱོང་བཞིན་པའི་ཁར། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་རྩུབ་ཀྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱས་པར་བརྟེན་ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ནང་རྒྱལ་གཅེས་པ་གྲངས་ ༡༥༣ ནས་སྐུ་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་བའི་དྲན་རྟེན་སླད་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ ཐོག་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་སྣ་ལྔ་འབུལ་གཤོམ་དང་འབྲེལ།

མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་རྣམ་རྒྱལ་གྲྭ་ཚང་གི་སློབ་དཔོན་ངག་དབང་སྟོབས་རྒྱལ་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་།  རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་སྡོད་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། ཚོགས་སྡེ་སྒྲིག་འཛུགས་ཁག་གི་ལས་བྱེད། གཞན་ཡང་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་དགེ་བཙུན་སྔགས་གསུམ། དེ་བཞིན་མི་མང་དང་ཕྱི་རྒྱལ་བ་སོགས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་མུར་རྣམ་རྒྱལ་གྲྭ་ཚང་གི་དགེ་བསྐོས་ཀྱིས་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་སྒྲོགས་སྦྱང་གནང་རྗེས་ཆུ་ཚོད་ ༥ བར་སྨོན་ལམ་གསུང་འདོན་གནང་ཡོད།

དེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༡༠༠ རེ་ཕུལ་ཏེ་མཆོད་འབུལ་སྨོན་ལམ་གྲོལ།

དེ་རྗེས་གསར་འགོད་པས་མཆོད་འབུལ་སྨོན་ལམ་གོ་སྒྲིག་གནང་དགོས་པའི་རྒྱུ་མཚན་ཅི་ཡིན་སྐོར་དཔལ་ལྡན་སྲིད་སྐྱོང་མཆོག་ལ་བཀའ་འདྲི་ཞུས་པའི་སྐབས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན།

ལོ་ལྟར་ང་ཚོས་མཆོད་འབུལ་སྨོན་ལམ་རེ་གོ་སྒྲིག་བྱེད་ཀྱི་ཡོད། དུས་ཚོད་ཀྱང་བཀའ་ཤག་གིས་དམ་བཅའ་ཕུལ་བའི་དུས་ཚིགས་དང་བསྟུན་གོ་སྒྲིག་བྱེད་ཀྱི་ཡོད། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་དམ་བཅའ་ཕུལ་བ་ཡིན་སྟབས། དེ་རིང་མཆོད་འབུལ་སྨོན་ལམ་གོ་སྒྲིག་བྱས་པ་རེད། གཙོ་བོ་བོད་ནང་གི་རྒྱལ་གཅེས་པ་གྲངས་༡༥༣ གྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་བློས་བཏང་གནང་མཁན་ཡོངས་དང་ཁོང་རྣམ་པའི་ཤུལ་ལུས་ནང་མི་ཚོའི་སླད་ང་ཚོ་ཚང་མས་སྨོན་ལམ་འདེབས་རྒྱུ་དེ་རེད། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་པ་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལ་མགྱོགས་མྱུར་གདན་འདྲེན་ཞུ་ཐུབ་པ་ཤོག་ཅེས་ཚང་མས་སྨོན་ལམ་འདེབས་རྒྱུ་དང་། བཀའ་ཤག་གིས་དབུས་བོད་མི་མང་ཡོངས་ནས་འབད་བརྩོན་ཞུ་དགོས་ཞེས་གསུངས། །

Share with your friends










Submit