ཟླ་བ་ ༧ ཚེས ༡༧ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༧ རེས་གཟའ་ལྷག་པ། 

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བལ་གོས་ཚོང་འདུས་ཀྱི་ས་གནས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༦ ནས་ཕྱི་ཟླ་ ༧ ཚེས་ ༣ བར་རྒྱ་གར་བྱང་ཕྱོགས་སྦིར་གཞིས་ཁག་གསུམ་དང་། བཀྲ་ཤིས་ལྗོངས། མ་ན་ལི། ཀུ་ལླུ། འབུམ་ཐར། སུན་མཚོ་མན་གསུམ། སྤོན་ཊོ་བཀྲ་ཤིས་གླིང་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་རིམ་ཡོངས་སུ་ལེགས་གྲུབ་གནང་ཡོད།

དེ་ཡང་སྤྱི་འཐུས་རྣམ་གཉིས་ཕྱི་ཟླ་ ༦ ཚེས་ ༦ ཉིན་གྱི་སྔ་དྲོ་སྦིར་ནས་བཀྲ་ཤིས་ལྗོངས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་དགོན་པའི་ཁོར་ཡུག་ཀུན་ལ་གནས་མཇལ་དང་། ༸སྐྱབས་རྗེ་རྒྱལ་བ་མདོ་ཁམས་པ་རིན་པོ་ཆེ་མཆོག་མཇལ་ཁ་ཞུས་རྗེས། ས་གནས་མི་མང་རྣམས་ལ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆབ་སྲིད་ལངས་ཕྱོགས་སྐོར་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་རྒྱལ་སྤྱིའི་གནས་བབས་དང་། རྒྱ་ནག་དང་བོད་ནང་གི་གནས་སྟངས་སྐོར་གསུང་བཤད་གནང་ཡོད་འདུག ༼ ཕྱི་ཚེས་ ༧ ནས་ ༡༨ བར་གནད་དོན་གཞན་གྱི་རྐྱེན་པས་ལས་རིམ་ཕྱིར་འགྱངས་བྱེད་དགོས་བྱུང་འདུག ༽ 

ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་སྦིར་ནང་ཆེན་ཚོགས་ཁང་དུ་ནང་ཆེན་ས་གནས་འགོ་འཛིན་ཁྱབ་ཁོངས་སྦིར་ཁུལ་དུ་གནས་སྡོད་བྱེད་མཁན་རྣམས་ལ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆབ་སྲིད་ལངས་ཕྱོགས་སྐོར་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་རྒྱལ་སྤྱིའི་གནས་བབས་དང་། རྒྱ་ནག་དང་བོད་ནང་གི་གནས་སྟངས་སྐོར་གསུང་བཤད་དང་། མི་མང་ནས་དོགས་འདྲི་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། པདྨའི་ཨེ་ཝཾ་ཆོས་སྒར་རྟེན་མཆོག་འགྱུར་མེད་གླིང་དུ་མཆོད་མཇལ་དང་། དེའི་ཁུལ་གྱི་ཁོར་ཡུག་ཁག་ལ་གཟིགས་ཞིབ་གནང་ཡོད་པ་དང་། ཉིན་རྒྱབ་ཅོན་ཏ་ར་ནང་ཆེན་ཚོགས་ཁང་དུ་ནང་ཆེན་ས་གནས་འགོ་འཛིན་ཁྱབ་ཁོངས་ཅོན་ཏ་རར་གནས་སྡོད་བྱེད་མཁན་མི་མང་རྣམས་འདུ་འཛོམས་ཐོག སྤྱི་འཐུས་རྣམ་གཉིས་ནས་གོང་གསལ་བརྗོད་གཞི་ཁག་གི་ཐོག་གསུང་བཤད་དང་། མི་མང་ནས་དོགས་འདྲི་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། ཅོན་ཏ་ར་སཾ་བྷོ་ཊ་སློབ་གྲྭའི་ཡིག་ཚང་དང་། འཛིན་ཁང་། ཉལ་ཁང་། ཁོར་ཡུག་སོགས་ལ་གཟིགས་སྐོར་དང་། ཕྱི་དྲོ་སྡེ་དགེ་ས་གནས་འགོ་འཛིན་ཁྱབ་ཁོངས་ཅོན་ཏ་རར་རྟེན་གཞིའི་བྱས་པའི་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་རྫོང་སར་བཤད་གྲྭའི་དགེ་འདུན་པ་རྣམས་ལ་སྤྱི་འཐུས་རྣམ་གཉིས་ཀྱིས་གོང་གསལ་བརྗོད་གཞི་ཁག་གི་ཐོག་གསུང་བཤད་གནང་ཡོད་འདུག

ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་གཉིས་ནས་སྡེ་དགེ་ས་གནས་འགོ་འཛིན་ཁྱབ་ཁོངས་ཅོན་ཏ་རར་རྟེན་གཞི་བྱས་པའི་སྔ་འགྱུར་ཟབ་གསང་ཆོས་འཁོར་གླིང་དུ་མཆོད་མཇལ་དང་། ཅོན་ཏ་རར་ཡོད་པའི་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་ལས་ཁུངས་དང་། ཞིབ་འཇུག་ཁང་། སྔོ་སྨན་འདེབས་འཛུགས་ཀྱི་ལས་གཞི། སྨན་སྦྱོར་ཁང་བཅས་ལ་གཟིགས་སྐོར། སྔ་དྲོ་ཆུ་ཚོད་ ༡༡།༣༠ ཙམ་ལ་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ། སྤྱི་འཐུས་རྣམ་གཉིས་ནས་དགེ་རྒན་ལས་བྱེད་དང་། འཛིན་རིམ་བདུན་པ་ཡན་གྱི་སློབ་ཕྲུག་རྣམས་ལ་རིམ་བཞིན་གོང་གསལ་བརྗོད་གཞི་ཁག་གི་སྐོར་སྙིང་བསྡུས་དང་། གཙོ་བོ་ཤེས་ཡོན་གྱི་གལ་གནད་སྐོར་གསུང་བཤད་གནང་བ་མ་ཟད། དགེ་རྒན་དང་སློབ་ཕྲུག་བཅས་པས་དོགས་འདྲི་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། ཉིན་རྒྱབ་སྦིར་ས་གནས་སུ་རྟེན་གཞི་བྱས་པའི་ལི་ལི་ཚོགས་པའི་ཚོགས་ཁང་དུ་སྤྱི་འཐུས་རྣམ་གཉིས་ཀྱིས་ས་གནས་ཁྱབ་ཁོངས་མི་མང་རྣམས་ལ་གོང་གསལ་བརྗོད་གཞི་ཁག་གི་ཐོག་གསུང་བཤད་དང་། མི་མང་ནས་དོགས་འདྲི་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་སྦིར་སྡེ་དགེ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་སྟེང་ཐོག་ཚོགས་ཁང་དུ་ཁྱབ་ཁོངས་མི་མང་འདུ་འཛོམས་ཐོག སྤྱི་འཐུས་རྣམ་གཉིས་ཀྱིས་གོང་གསལ་བརྗོད་གཞི་ཁག་གི་ཐོག་གསུང་བཤད་དང་། མི་མང་ནས་དོགས་འདྲི་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། དེ་ནས་དཔལ་སྤུངས་བྱེས་ཀྱི་གདན་ས་ཤེས་རབ་གླིང་དུ་མཆོད་མཇལ་ཞུས་གནང་རྗེས། སྤྱི་འཐུས་རྣམ་གཉིས་ཀྱིས་ཤེས་རབ་གླིང་གི་བཤད་གྲྭ་གསར་པ་རུ་དགེ་འདུན་པ་རྣམས་ལ་བརྗོད་གཞི་ཁག་གི་ཐོག་གསུང་བཤད་དང་། དགེ་འདུན་པ་རྣམས་ནས་དོགས་འདྲི་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་སྦིར་བོད་ཚོགས་ཀྱི་ཚོགས་ཁང་དུ་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་གོང་གསལ་བརྗོད་གཞི་ཁག་གི་ཐོག་གསུང་བཤད་དང་། མི་མང་ནས་དོགས་འདྲི་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། ཉིན་རྒྱབ་ས་གནས་འགོ་འཛིན་ལས་ཁུངས་སུ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ལས་ཀྱི་སྣེ་མོ་བ་རྣམས་ལྷན་འཛོམས་ཀྱིས་ས་གནས་ཀྱི་ལས་དོན་དང་འབྲེལ་བའི་ཐོག་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་གནང་རྗེས།  སྦིར་བོད་ཚོགས་ས་གནས་འགོ་འཛིན་ཁྱབ་ཁོངས་འབྲི་རུ་བདེ་ཆེན་ཆོས་འཁོར་གླིང་དགོན་པ་རུ་མཆོད་མཇལ་དང་། ས་གནས་འཕྲོད་བསྟེན་སྨན་ཁང་། སྨན་རྩིས་ཁང་། སློབ་གྲྭ་བཅས་ལ་གཟིགས་སྐོར་གནང་ཡོད་འདུག

ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་སྦིར་བོད་ཚོགས་ས་གནས་འགོ་འཛིན་ཁྱབ་ཁོངས་སུ་ཇ་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ། སྤྱི་འཐུས་རྣམ་གཉིས་ནས་སློབ་གྲྭ་དེའི་དགེ་རྒན་ལས་བྱེད་རྣམས་ལ་གོང་གསལ་བརྗོད་གཞི་ཁག་དང་། ཤེས་ཡོན་གྱི་གལ་གནད་སྐོར་བཅས་ཀྱི་ཐོག་གསུང་བཤད་དང་། སློབ་ཕྲུག་རྣམས་ཀྱི་དྲི་བ་དང་དགོངས་ཚུལ་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། ཉིན་རྒྱབ་ནང་ཆེན་ས་གནས་འགོ་འཛིན་གྱི་ཁྱབ་ཁོངས་ཅོན་ཏ་རར་རྟེན་གཞི་བྱས་པའི་བུམ་མང་བྱམས་པ་གླིང་དུ་མཆོད་མཇལ་ཞུས་ཤིང་། དེ་ནས་ཅོན་ཏ་ར་རྒས་གསོ་ཁང་དུ་གཟིགས་ཞིབ་གནང་རྗེས། སྦིར་གཞིས་ཁག་གསུམ་དང་། བཀྲ་ཤིས་ལྗོངས་བཅས་ཀྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་གནང་ཡོད། ༼ སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱི་སྐུ་སྒེར་གྱི་གནས་སྟངས་རྐྱེན་པས་མ་ན་ལི་དང་། ཀུ་ལླུ། འབུམ་ཐར། སྤོན་ཊོ་བཀྲ་ཤིས་གླིང་། སུན་མཚོ་མན་གསུམ་བཅས་ལ་ཕེབས་མ་ཐུབ་སྟབས། ས་གནས་དེ་དག་ལ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་གཅིག་པུར་ཕེབས་གནང་ཡོད། ༽

དེ་ཡང་ཕྱི་ཚེས་ ༢༨ ཉིན་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཅོན་ཏ་ར་ནས་མཚོ་པདྨ་རུ་ཕེབས་ཐོན་གནང་བ་དང་། ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོ་མཚོ་པདྨའི་དབུ་རྩེ་རི་ཁྲོད་དུ་མཆོད་མཇལ་དང་། རི་ཁྲོད་དེར་བཞུགས་པའི་བཙུན་མ་རྣམས་ཀྱི་གནས་སྟངས་ལ་གཟིགས་ཞིབ་གནང་རྗེས། མཚོ་པདྨར་ཡོད་པའི་དགོན་སྡེ་ཁག་ལ་མཆོད་མཇལ་དང་། ཕྱི་དྲོ་མཚོ་པདྨར་ཡོད་པའི་མི་མང་འདུ་འཛོམས་ཐོག སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་གོང་གསལ་བརྗོད་གཞི་ཁག་གི་ཐོག་གསུང་བཤད་དང་། མི་མང་ནས་དོགས་འདྲི་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཕྱི་ཚེས་ ༣༠ ཉིན་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་མཚོ་པདྨ་ནས་མན་ཌི་ས་གནས་སུ་ཕེབས་འབྱོར་མཚམས། མན་ཌི་ས་གནས་རང་བདེན་ཚོགས་ཁང་ནང་མན་ཌི་དང་། སུན་དྷར་ན་གྷར་དུ་གནས་སྡོད་བྱེད་མཁན་མི་མང་རྣམས་འདུ་འཛོམས་ཐོག་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་གོང་གསལ་བརྗོད་གཞི་ཁག་གི་ཐོག་གསུང་བཤད་དང་། མི་མང་ནས་དོགས་འདྲི་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། ཕྱི་དྲོ་སྤོན་ཊོ་བཀྲ་ཤིས་གླིང་གཞིས་ཆགས་སུ་ཕེབས་ཐོན་གྱིས་ས་གནས་གཞིས་ཆགས་ཚོགས་ཁང་དུ་མི་མང་འདུ་འཛོམས་ཐོག སྤྱི་འཐུས་མཆོག་གིས་གོང་གསལ་བརྗོད་ཁག་གི་ཐོག་གསུང་བཤད་དང་། མི་མང་ནས་དོགས་འདྲི་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། གཞིས་ཆགས་དེའི་མི་མང་ཐོག་མ་ས་གནས་དེར་འབྱོར་སྐབས་ལས་ཀ་བྱེད་ཡུལ་ཆུ་མཛོད་ལ་གཟིགས་སྐོར་གནང་ཡོད་འདུག

ཕྱི་ཟླ་ ༧ ཚེས་ ༡ ཉིན་གྱི་སྔ་དྲོ་སྤོན་ཊོ་གཞིས་ཆགས་ནས་ཀུལླུ་ཕྱོགས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་འཕྲལ། ཀུལླུ་ཁུལ་དུ་རྟེན་གཞི་བྱས་པའི་བཙུན་དགོན་དཔལ་སྤུངས་ཡེ་ཤེས་རབ་རྒྱས་གླིང་དང་། འབྲུག་བདེ་ཆེན་ཆོས་འཁོར་གླིང་གཉིས་སུ་མཆོད་མཇལ་དང་། ཕྱི་དྲོ་ཀུལླུ་གཡུ་ལོ་བཀོད་བོད་མིའི་གཞིས་ཆགས་ཀྱི་གནས་སྟངས་སྤྱི་དང་། བྱེ་བྲག་ལོ་སྔོན་མའི་ཆུ་ལོག་གནོད་སྐྱོན་སྐོར་ལ་གཟིགས་སྐོར་རྟོག་ཞིབ། དེ་བཞིན་དཔལ་ལྡན་མཉམ་མེད་དྭགས་པོ་བཤད་སྒྲུབ་གླིང་གྲྭ་ཚང་དུ་མཆོད་མཇལ་དང་།  རྡོ་སྦིས་དཔལ་རབ་གླིང་གཞིས་ཆགས་ཀྱི་གནས་སྟངས་སྤྱི་དང་། བྱེ་བྲག་ལོ་སྔོན་མའི་ཆུ་ལོག་གི་གནོད་སྐྱོན་སྐོར་ལའང་གཟིགས་སྐོར་རྟོག་ཞིབ། དེ་བཞིན་ས་འཐུས་ཚོགས་ཁང་དང་། རང་བདེན་ཚོགས་ཆུང་ལས་ཁུངས། གཞིས་ལས་ཁང་བཅས་ལ་གཟིགས་སྐོར་གནང་ཡོད་འདུག

ཕྱི་ཚེས་ ༢ ཉིན་མ་ན་ལིར་རྟེན་གཞི་བྱས་པའི་དཔལ་ལྡན་འོན་མངའ་རིས་གྲྭ་ཚང་དུ་མཆོད་མཇལ་དང་། ས་གནས་འཕྲོད་བསྟེན་སྨན་ཁང་དང་། ཡན་ལག་སྨན་རྩིས་ཁང་། སཾ་བྷོ་ཊ་མ་ན་ལི་གཞི་རིམ་འོག་མའི་སློབ་གྲྭར་གཟིགས་སྐོར་དང་རྟོག་ཞིབ་གནང་རྗེས། མེལ་ ༡༥ བོད་མིའི་སྡོད་སྒར་གྱི་གནས་སྟངས་དང་། ལོ་སྔོན་མའི་ཆུ་ལོག་ལ་བརྟེན་ནས་བྱུང་བའི་གནོད་སྐྱོན་བཅས་ལ་གཟིགས་སྐོར་རྟོག་ཞིབ་གནང་རྗེས། ཕྱི་དྲོ་སྤང་སྒང་སྔ་འགྱུར་བསམ་གཏན་ཆོས་གླིང་དུ་མཆོད་མཇལ་ཞུས་གནང་ཡོད་འདུག

ཕྱི་ཚེས་ ༣ ཉིན་པ་ཀུལ་བོད་ཁྱིམ་ལག་ཤེས་སློབ་གཉེར་ཁང་གི་ཚོགས་ཁང་དུ་ཀུལླུ་མ་ན་ལི་རྫོང་ཁོངས་སུ་ཡོད་པའི་བོད་མི་རྣམས་ཚང་འཛོམས་ཐོག སྤྱི་འཐུས་མཆོག་གིས་གོང་གསལ་བརྗོད་གཞི་ཁག་གི་ཐོག་གསུང་བཤད་དང་། མི་མང་ནས་དོགས་འདྲི་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། ཀུལླུ་ས་གནས་འགོ་འཛིན་གྱི་ཁྱབ་ཁོངས་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་གནང་ཡོད་འདུག

གཟིགས་སྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་སློབ་ཕྲུག་དང་མི་མང་གི་བསམ་ཚུལ་བསྡུ་ལེན། བཞུགས་མོལ་ཚོགས་འདུ་ཐེངས་ ༡། སློབ་ཕྲུག་དང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༡༤ གནང་ཡོད་པ་དང་། ཐེངས་འདིའི་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆབ་སྲིད་ལངས་ཕྱོགས་སྐོར་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་རྒྱལ་སྤྱིའི་གནས་བབས་དང་། རྒྱ་ནག་དང་བོད་ནང་གི་གནས་སྟངས་སྐོར་ཐོག་གསུང་བཤད་དང་མི་མང་ནས་དོགས་འདྲི་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད།

དེ་བཞིན་སློབ་ཕྲུག་དང། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། མི་མང་། སློབ་གྲྭ་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་ཀྱིས་ད་རེས་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་གྲུབ་པ་གནང་ཡོད་པ་དང་། སྤྱི་འཐུས་རྣམ་པ་གཉིས་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ལ་འབུལ་ལམ་ཞུ་རྒྱུ་ཡིིན་པ་བཅས། །

Share with your friends










Submit