ཟླ་བ་ ༧ ཚེས ༣༠ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༣༠ རེས་གཟའ་མིག་དམར།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁདོ་དོན། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བལ་གོས་ཚོང་འདུས་ཀྱི་ས་གནས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་དང་། སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༠ ནས་ ༣༠ བར་སིམ་ལ་དབྱངས་ཅན་དགའ་ཚལ་གླིང་དང་དེའི་ཁྱབ་ཁོངས། བོན་གཞིས་ཐོབ་རྒྱལ་གསར་པ། ས་ཊོན་ཁམས་ཀཿཐོག ཀུམ་རའོ་སྒ་པ། སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས། སྤོན་ཊ་ཆོལ་གསུམ། ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་གཞིས་ཆགས་དང་ཁྱབ་ཁོངས་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་རིམ་ཡོངས་སུ་ལེགས་གྲུབ་གནང་ཡོད།

དེ་ཡང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ཕྱི་ཟླ་ ༦ ཚེས་ ༢༠ ཉིན་སིམ་ལ་ས་གནས་སུ་ཕེབས་འབྱོར་མཚམས། ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་ས་གནས་ཚོགས་སྐྱིད་ཁག་གི་ཚོགས་གཙོ་དང་རྒྱུན་ལས་ལྷན་འཛོམས་ཐོག་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་གནང་བ་དང་།  དེ་རྗེས་རྡོ་བྲག་དགོན་པར་གནས་གཟིགས་དང་། དེ་གའི་འཛིན་སྐྱོང་ལྷན་ཚོགས་འདུ་ཞིག་ཚོགས་གནང་ཡོད་འདུག

ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་སྤྱི་འཐུས་མཆོག་ནས་སིམ་ལ་ཁྱབ་ཁོངས་ཁ་འཐོར་བོད་མིའི་གནས་སྡོད་ན་སྦ་ཧའོ་སི་ Nabha House དང་། སྣུམ་འཁོར་བབས་ཚུགས། Bus-Stand ལ་དྭགས་མོ་ལ། (Ladhakimola) རང་བཙན་གྲོང་སྡེ། Rangzen Camp རྣམ་རྒྱལ་གྲྭ་ཚང་གི་རྒས་གསོ་ཁང་དང་དེའི་ཉེ་འགྲམ་གྱི་བོད་མིའི་སྡོད་སྒར་ཁག་ལ་གཟིགས་ཞིབ་དང་། ཇོ་ནང་དགོན་པར་མཆོད་མཇལ་ཞུས་གནང་རྗེས། ཕྱི་དྲོ་སིམ་ལ་གཏན་སློབ་ཏུ་གཟིགས་སྐོར་དང་། སློབ་གྲྭའི་བོད་རིགས་དགེ་སློབ་རྣམས་ལ་སློབ་སྦྱོང་གི་གལ་གནད་དང་། མ་འོངས་མདུན་ལམ་དང་བོད་པའི་སྐད་ཡིག་ཐོག་དམིགས་བསལ་གྱིས་དོ་སྣང་གནང་དགོས་སྐོར་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་སིམ་ལ་ཁྱབ་ཁོངས་ས་གནས་ཁག་དགུའི་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་མཆོག་གིས་སྤྱི་འཐུས་ཕྱོགས་བསྐྱོད་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ལས་རིམ་ཁག་ངོ་སྤྲོད། ས་གནས་ཡུལ་མི་མཉམ་འཆམ་མཐུན་དགོས་པ། བཙན་བྱོལ་བོད་མིའི་མང་གཙོའི་སྐོར། བོད་མིའི་ལས་འགན་དང་། སྤྱི་ཚོགས་དྲ་རྒྱར་དཔྱད་ཞིབ་དང་འགན་འཁུར་དགོས་གལ་བཅས་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་དང་། མི་མང་ནས་དོགས་འདྲི་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། ཁ་ར་པ་ཐར་སྡོད་ཁང་ Karapathar building དང་། བཟོ་གྲྭ་བཅས་ལ་གཟིགས་སྐོར་དང་། ཕྱི་དྲོ་ཌོ་ལན་ཇི་བོན་གཞིས་སུ་ཕེབས་ཐོན་གནང་ཡོད་འདུག

 

 

ཕྱི་ཚེས་ ༢༣ ཉིན་སྤྱི་འཐུས་ལགས་ཀྱིས་ཐོག་མར་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པར་མཆོད་མཇལ་དང་། དེ་ནས་བོན་གཞིས་ཚོགས་ཁང་དུ་ས་གནས་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་མཆོག་ནས་གོང་གསལ་བརྗོད་གཞི་ཁག་གི་ཐོག་གསུང་བཤད་གནང་བ་མ་ཟད་མི་མང་གི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། ཕྱི་དྲོ་ས་ཊོན་ཁམས་ཀཿཐོག་ཏུ་ཕེབས་ཐོན་གནང་འདུག

ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་ས་ཊོན་ཁམས་ཀཿཐོག་གཞིས་ཆགས་མི་མང་འདུ་འཛོམས་ཐོག་གོང་གསལ་བརྗོད་གཞི་ཁག་གི་ཐོག་གསུང་བཤད་དང་མི་མང་གི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། དེ་ནས་ས་གནས་མི་མང་སྡོད་ཁང་དང་། སློབ་གྲྭའི་ས་ཆ། ས་གནས་འགོ་འཛིན་ལས་ཁུངས། ས་གནས་སྨན་ཁང་། ཚོགས་སྡེ་ཁག་གི་ལས་ཁུངས་བཅས་ལ་གཟིགས་སྐོར་ཕེབས་གནང་རྗེས། ཀུམ་རའོ་གཞིས་ཆགས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། ས་གནས་གཞིས་དགོན་བརྩེ་ཆེན་བསམ་གྲུབ་གླིང་དུ་མཆོད་མཇལ་དང་། སྒ་པ་བདེ་དོན་ཚོགས་པ་དང་། ས་གནས་འགོ་འཛིན་ལས་ཁུངས། ས་འཐུས་ཚོགས་ཁང་། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས། སློབ་གྲྭ། ས་གནས་འཕྲོད་བསྟེན་སྨན་ཁང་། ས་གནས་ཀྱི་ལས་འཆར་ཁག་ལ་གཟིགས་ཞིབ་གནང་ཡོད་པ་དང་། ཕྱི་ཚེས་ ༢༥ ཉིན་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་ལགས་ཀྱིས་གོང་གསལ་བརྗོད་གཞི་ཁག་གི་ཐོག་གསུང་བཤད་གནང་རྗེས། ཉིན་རྒྱབ་སྤུ་ར་ཝ་ལ་ས་སྐྱ་གཞིས་ཆགས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་འཕྲལ། ས་གནས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་གི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད་འདུག

ཕྱི་ཚེས་ ༢༦ ཉིན་སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་ལགས་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་སུ་ཕེབས་འབྱོར་གནང་སྟེ། སྤྱི་འཐུས་རྣམ་གཉིས་ནས་ས་གནས་ཤིང་འཛུགས་ལས་གཞི་དང་། སློབ་གྲྭ། ས་གནས་འཕྲོད་བསྟེན་སྨན་ཁང་། ས་འཐུས་དང་ས་གནས་འགོ་འཛིན་ལས་ཁུངས་བཅས་ལ་གཟིགས་ཞིབ་དང་། ༧དཔལ་ས་སྐྱ་སྐྱབས་མགོན་གོང་མ་རིན་པོ་ཆེ་མཆོག་གི་ཕོ་བྲང་དང་མ་དགོན་བཤད་གྲྭར་མཆོད་མཇལ་ཞུས་རྗེས། ས་གནས་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་སྤྱི་འཐུས་ཕྱོགས་བསྐྱོད་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱི་ལས་རིམ་ཁག་ངོ་སྤྲོད། ས་གནས་ཡུལ་མི་དང་ལྷན་འཆམ་མཐུན་དགོས་པ། བཙན་བྱོལ་བོད་མིའི་མང་གཙོའི་སྐོར། བོད་མིའི་ལས་འགན་དང་། སྤྱི་ཚོགས་དྲ་རྒྱར་དཔྱད་ཞིབ་དང་འགན་འཁུར་དགོས་གལ་བཅས་ཀྱི་ཐོག་གསུང་བཤད་དང་། སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་ཁུར་བཞི་ངོ་སྤྲོད་དང་རྒྱུན་དུ་དེ་ཚོའི་ཐོག་དོ་སྣང་དགོས་གལ། བོད་ནང་གི་ཛ་དྲག་གནས་སྟངས། རྒྱལ་སྤྱིའི་ནང་བོད་ཀྱི་གནས་བབ། གྲོས་ཚོགས་ཚོགས་དུས་སྐབས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་བྱུང་བ་ཁག་བཅས་ཀྱི་ངོ་སྤྲོད་གསུང་བཤད་དང་། མི་མང་གི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་དང་།

ཉིན་རྒྱབ་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་དང་ལྷན་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་གནང་རྗེས། ཕྱི་དྲོ་སྤོན་ཊ་གཞིས་ཆགས་སུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། ས་གནས་འགོ་འཛིན་ལས་ཁུངས་དང་། ཚོགས་སྡེ་ཁག་གི་ལས་ཁུངས། ས་འཐུས་ཚོགས་ཁང་། ས་གནས་སྨན་རྩིས་ཁང་། ས་གནས་འཕྲོད་བསྟེན་སྨན་ཁང་། རུམ་གདན་བཟོ་གྲྭ་བཅས་ལ་གཟིགས་ཞིབ་དང་། ཞ་ལུ་དགོན་དུ་མཆོད་མཇལ་གནང་ཡོད་འདུག

ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་སྤོན་ཊ་ས་གནས་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་དང་མི་མང་གི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། དེ་ནས་སམ་བྷོ་ཊ་སློབ་གྲྭར་གཟིགས་སྐོར་དང་། སློབ་གྲྭའི་ཚོགས་ཁང་ནང་དགེ་ལས་སློབ་ཕྲུག་ཡོངས་ལ་སྤྱི་འཐུས་རྣམ་གཉིས་ནས་སློབ་སྦྱོང་གི་གལ་གནད་དང་། རང་རྐྱ་འཕེར་བའི་བསམ་བློ་དང་ཤེས་ཡོན་གྱི་གལ་གནད་སྐོར་ལ་གསུང་བཤད་དང་། དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་ལ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། ས་གནས་མི་མང་ལྷན་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་གོང་བཞིན་གསུང་བཤད་གནང་ཡོད་པ་དང་། ཕྱི་དྲོ་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་རང་ཚོགས་ལས་ཁུངས། ས་གནས་འཕྲོད་བསྟེན་སྨན་ཁང་། དྭང་ཟུར་རྒས་གསོ་ཁང་། ཚེ་སྒྲུབ་ལྷ་ཁང་བཅས་ལ་གཟིགས་སྐོར་ཕེབས་གནང་ཡོད་འདུག

 

 

ཕྱི་ཚེས་ ༢༨ ཉིན་སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭའི་འཛིན་ཁང་ཁག་ལ་གཟིགས་སྐོར་དང་། དེ་རྗེས་དགེ་ལས་སློབ་ཕྲུག་ལྷན་འཛོམས་ཐོག་སྤྱི་འཐུས་རྣམ་གཉིས་ནས་གོང་གསལ་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། བོད་ཁྱིམ་ལས་རིགས་སློབ་གཉེར་ཁང་གི་སྡེ་ཚན་ཁག་ཏུ་གཟིགས་ཞིབ་གནང་ཡོད་པ་དང་། ཉིན་རྒྱབ་ཧར་པ་སྤུར་གཏན་སློབ་ཏུ་དགེ་ལས་སློབ་ཕྲུག་རྣམས་ལ་ཤེས་ཡོན་སློབ་སྦྱོང་དང་། གཤིས་སྤྱོད། རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་བཅས་ཀྱི་གལ་གནད་སྐོར་ལ་གསུང་བཤད་དང་། དགེ་སློབ་རྣམ་པའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད། ཕྱི་དྲོ་ཁེ་ར་དཔལ་དགོན་དཀར་ཆོས་སྡེར་གནས་གཟིགས་དང་། ཁེ་ར་གྲོང་སྡེ་དང་། ཁ་འཐོར་ཁག བྷ་ལུ་ཝ་ལ་བཅས་ལ་གཟིགས་ཞིབ་གནང་ཡོད་འདུག

 

གཟིགས་སྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་སློབ་ཕྲུག་དང་མི་མང་གི་བསམ་ཚུལ་བསྡུ་ལེན། བཞུགས་མོལ་ཚོགས་འདུ་ཐེངས་ ༢ །  སློབ་ཕྲུག་དང་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༡༡ ཙམ་གནང་ཡོད། དེ་བཞིན་སློབ་ཕྲུག་དང། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། མི་མང་། སློབ་གྲྭ་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་ཀྱིས་ད་རེས་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་གྲུབ་པ་གནང་ཡོད་པ་དང་། སྤྱི་འཐུས་རྣམ་པ་གཉིས་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ལ་འབུལ་ལམ་ཞུས་ཡོད་པ་བཅས། །

 

Share with your friends










Submit