Published By ngawang thokmey

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༩ རེས་གཟའ་པ་སངས།

༄༅། །ལྕམ་སྐུ་ཨུར་སུ་ལ་ཝོན་ཌེར་ལི་ཡེན་ Ursula Von der Leyen མཆོག་ཡུ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་ཚོགས་གཙོ་གསར་པར་བདམས་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འདྲི་མཛད་དོན། ངོས་ཀྱིས་གོ་སྐབས་འདི་བརྒྱུད་སྐུ་ཉིད་ལ་འཚམས་འདྲི་དང་སྦྲགས།  ཡུ་རོབ་སྤྱི་མཐུན་ཚོགས་པ་ཞེས་སྤྱི་པའི་སྒྲིག་འཛུགས་ཀྱི་འདུ་ཤེས་དེར་ངོས་ཀྱིས་ཡི་རངས་བསྔགས་བརྗོད་རྒྱ་ཆེ་ཞུ་བཞིན་ཡོད། སྒྲིག་འཛུགས་དེ་བཙུགས་ནས་ད་བར་ལོ་ངོ་དྲུག་ཅུ་ལྷག་རིང་ཚོགས་མིའི་རྒྱལ་ཁབ་ནང་ཁུལ་ཙམ་མ་ཟད།  ས་ཁུལ་ཁྱོན་དུ་ཞི་བདེ་མཉམ་གནས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐུབ་ཡོད། སྒྲིག་འཛུགས་གསར་གཏོད་གནང་མཁན་ཚོའི་དམིགས་ཡུལ་ལྟར། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ། རྒྱལ་ཁབ་སོ་སོའི་སྒེར་གྱི་ཁེ་ཕན་ལས་སྤྱིའི་བདེ་དོན་དང་ཁེ་ཕན་དེ་གཙིགས་ཆེར་འཛིན་ཞིང་།  དེ་སྔའི་འཁོན་འཛིན་སྤངས་པ་དང་།  འཆམ་མཐུན་གྱི་འབྲེལ་ལམ་གོང་འཕེལ་ཐོག་གནས་ཐུབ་ཡོད། 

དེང་སྐབས་འཛམ་གླིང་གི་གནས་སྟངས་ལ་མཚོན་ན།  དེ་སྔ་ལས་ལྷག་པ་ཕན་ཚུན་གཅིག་ལ་གཅིག་བརྟེན་དགོས་པའི་གནས་སྟངས་དེར་བསམ་བློ་གཏོང་སྐབས་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་འདི་རྣམ་དཔྱོད་བློ་གྲོས་ལྡན་པའི་སྒྲིག་འཛུགས་ཤིག་ཡིན་པ་གོར་མ་ཆག  སྒྲིག་འཛུགས་དེ་འདྲ་ཞིག་ཨ་ཕི་རི་ཀ་དང་ལྷོ་ཨ་མི་རི་ཀ།  ཨེ་ཤི་ཡ་བཅས་ཀྱི་ནང་འཛུགས་ཐུབ་ན་འཛམ་གླིང་ཞི་བདེ་སྲ་བརྟན་ཡོང་རྒྱུར་ཕན་ཐོགས་ཡོང་རྒྱུར་ངོས་ཀྱིས་རེ་བ་བྱེད་བཞིན་ཡོད།

སྐུ་ཉིད་ནི་ཡུ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་བུད་མེད་ཚོགས་གཙོ་ཆེས་ཐོག་མ་ཡིན་སྟབས་ངོས་ཀྱིས་དམིགས་བསལ་འཚམས་འདྲི་ཞུ་རྒྱུ་དང་། ལྷག་པར་འཛམ་གླིང་དབུ་ཁྲིད་ཁྲོད་བུད་མེད་མང་ཙམ་ཕེབས་ཐུབ་ཚེ་འཛམ་གླིང་ཞི་བདེ་ལྡན་པ་ཞིག་དང་བསམ་ཤེས་སྔར་བས་ཆེ་བ་ཞིག་ཡོང་རྒྱུ་ཡིན་པར་ངོས་ལ་ཡིད་ཆེས་བརྟན་པོ་ཡོད། ཅེས་འཁོད་འདུག མཐའ་དོན་ལས་དོན་གང་ཅིར་བྱ་བ་ལམ་ལྷོང་ཡོང་བ་དང་། དཀའ་ངལ་རྣམས་ལ་གདོང་ལེན་གནང་བ་བརྒྱུད་ཡུ་རོབ་སྤྱིའི་མཐུན་ཚོགས་པའི་སྒྲིག་འཛུགས་དེར་གཞན་གྱིས་མིག་དཔེར་བཟུང་ནས་རྗེས་སུ་ཞུགས་ཐུབ་པའི་ཐུགས་སྨོན་མཚམས་སྦྱོར་ཡང་མཛད་འདུག །

Share with your friends










Submit