Published By ngawang thokmey

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༨ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།  རྡ་སའི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་གཏོང་ལེན་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཚོར་རྒྱ་གར་སྲོལ་རྒྱུན་རིག་གནས་ཐོག་ཧུར་བརྩོན་དགོས་པའི་ལམ་སྟོན་བཀའ་སློབ་གཟབ་རྒྱས་སྩལ་འདུག

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཏོང་ལེན་ཐོག་མར་འགོ་འཛུགས་བྱུང་སྟངས་ཐུགས་དྲན་གསོ་མཛདཔ་དང་སྦྲགས་བཀའ་སློབ་སྩལ་དོན། ང་ཚོ་མི་ལ་ཀླད་པ་དམིགས་བསལ་ཞིག་ཡོད་པ་དེ་ཚད་ལྡན་ཐོག་ནས་ཡར་རྒྱས་འགྲོ་དགོས་ན་ཤེས་ཡོན་སློབ་གསོ་ཡག་པོ་ཞིག་དགོས། མཚམས་རེ་ཤེས་ཡོན་སློབ་གསོ་དེ་རང་རྒྱལ་གཞན་ཕམ་དང་ཆགས་སྡང་གིས་གཞན་དབང་དུ་འགྲོ་བཞིན་ཡོད། དེ་ལ་བརྟེན་ནས་རྙོག་གྲ་ཡོང་གི་ཡོད། དེར་བརྟེན་ཀླད་པའི་ནང་ཤེས་ཡོན་ཡོད་པ་ཙམ་གྱིས་སེམས་ནང་བདེ་སྐྱིད་བསྐྲུན་རྒྱུ་ཡིན་པའི་ངེས་པ་གང་ཡང་མེད། ཤེས་ཡོན་ནི་བྱམས་བརྩེས་རྒྱུས་བརླན་ཞིང་།  གཞན་ཕན་ལྷག་བསམ་གྱི་རྒྱབ་ཁྱོགས་པ་དགོས།  བྱམས་བརྩེའི་ཀུན་སློང་དང་རྣམ་དཔྱོད་ཀྱི་ཤེས་རབ་ཟུང་འབྲེལ་ཐོག་ནས་འགྲོ་ཐུབ་ཚེ་མི་སྒེར་པ་སོ་སོ་ཡིན་ནའང་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐུབ།  མི་དེ་གང་དུ་གནས་པའི་སྤྱི་ཚོགས་དེར་ཞི་བདེ་བག་ཕེབས་ལྡན་པ་ཡོང་། དེར་བརྟེན་སྤྱི་སྒེར་གཉིས་ཀར་ཕན་རླབས་ཧ་ཅང་ཡོད། ཁ་སང་ངོས་ལ་སྐྱེས་སྐར་གྱི་མངར་ཟས་ཆེན་པོ་ཞིག་བསྐྱལ་བྱུང་།  འདིར་ང་ཚོ་མཉམ་དུ་སྤྱོད་ཆོག  ཅེས་བཀའ་སློབ་སྩལ་རྗེས་མངར་ཟས་བགོ་འགྲེམས་མཛད་ནས་མུ་མཐུད་བཀའ་སློབ་སྩལ་དོན།   

འདིར་ཨིན་ཇི་གཅིག་མ་གཏོགས་གཞན་ཚང་མ་རྒྱ་གར་བ་རེད་འདུག  ངོས་ཀྱིས་གནའ་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་ཁྲོད་ཨི་ཇིབ་དང་རྒྱ་ནག རྒྱ་གར་བཅས་ཀྱི་སྤྱི་ཚོགས་དཔལ་ཡོན་ནི་ཕུལ་བྱུང་ཡིན་ཞིང་། དེ་ཁྲོད་རྒྱ་གར་གྱི་སྤྱི་ཚོགས་དཔལ་ཡོན་ལ་མཚོན་ན། བློའི་རྣམ་གཞག་དང་བྱེད་ལས། རྣམ་རྟོག་གྱི་རྒྱུ་བ་འདྲ་མིན་ཡོད་པ་རྣམས་ལ་སློབ་སྦྱོང་བྱས་ནས་ཡར་རྒྱས་ཤུགས་ཆེ་བྱུང་ཡོད།  དེ་ལ་བརྟེན་ནས་འཚེ་མེད་ཞི་བ་དང་སྙིང་རྗེའི་ཉམས་ལེན་གོང་འཕེལ་ཕྱིན་ཡོད། སྟོན་པ་བཅོམ་ལྡན་འདས་ཀྱང་རིག་གཞུང་དེ་འདྲ་ཡོད་པའི་ཁོར་ཡུག་ནང་འཚར་ལོངས་མཛད་པ་ཡིན་སྟབས།  ལྟ་གྲུབ་ཀྱི་རྣམ་གཞག་ཡར་རྒྱས་ཧ་ཅང་མཛད་ཡོད།  དེ་ལྟར་ནའང་ངོས་ཀྱི་ནང་པ་སངས་རྒྱས་པའི་ཆོས་འདི་ཆོས་ཡག་ཤོས་རེད། ཅེས་ནམ་ཡང་ཞུ་ཤེས་ཀྱི་མ་རེད། 

ང་ཚོས་སྨན་གཅིག་རྩེ་བཏོག་གིས་སྨན་འདི་མཆོག་རེད། ཅེས་ནམ་ཡང་བཤད་ཤེས་ཀྱི་མ་རེད། ནད་པར་བསྟུན་ནས་སྨན་ཡག་སྡུག་བཤད་ཐུབ། ཕྱོགས་མཚུངས་ལྟ་གྲུབ་མི་འདྲ་བ་ཡོད་པ་དེ་དག་ཀྱང་མིའི་ཁམས་དང་བསམ་པ་མི་འདྲ་བ་ཡོད་པ་དེར་བསྟུན་ནས་འགྲོ་དགོས་པ་མ་གཏོགས། གཅིག་ཤོས་ལ་རན་པ་དེ་གཞན་ལའང་དཔེ་འགེབས་བྱ་ཐབས་མེད།  རྒྱ་གར་ནང་མཚོན་ན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་དང་ཐོགས་མེད། ཕྱོགས་གླང་ཆོས་གྲགས། སློབ་དཔོན་སངས་རྒྱས་བསྐྱངས་དང་ཟླ་བ་གྲགས་པ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་དེ་འདྲ་བྱུང་ཡོད།  ཁོང་རྣམ་པ་ཐམས་ཅད་རྒྱ་གར་བ་ཤ་སྟག་རེད།   གཅིག་བྱས་ན་རྒྱ་གར་བའི་ཀླད་པ་དེ་ཕལ་ཆེར་ཕྲན་བུ་མི་འདྲ་བ་ཞིག་ཡོད་པ་འདྲ། ༼བཞད་མོ་བཞད། ༽

ངོས་ཀྱི་གྲོགས་པོ་རྒྱ་གར་དངོས་ཁམས་རིག་པའི་ཚན་རིག་པ་སྐུ་ཞབས་རཱ་ཇ་ར་མན་ན་ Raja Ramana ལགས་ཀྱིས་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་དེང་སྐབས་ནུབ་ཕྱོགས་པ་ཚོར་རྣམ་གཞག་གསར་པ་ཞིག་ལ་བརྩི་བཞིན་ཡོད་ཀྱང་། རྒྱ་གར་ནང་རྣམ་གཞག་དེ་དག་ལོ་ངོ་སྟོང་ཕྲག་གཉིས་ཙམ་གོང་ནས་ཤེས་རྟོགས་ཡོད་པ་བརྗོད་བྱུང་། རྣམ་གཞག་དེ་དག་གི་རྩ་བ་བདེན་གཉིས་ལ་ཐུག་ཡོད། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་རེད། ཆོས་རྣམས་ཇི་ལྟར་སྣང་བ་ལྟར་དུ་བདེན་པར་མ་གྲུབ་པ་གསུངས་ཡོད། ཁྱེད་རྒྱ་གར་བ་ན་གཞོན་ཚོས་གཞུང་དེ་དག་ལ་བསམས་ནས་སྤོབས་པ་བྱེད་ཆོག་པ་ཞིག་ཡིན།  ཞེས་སོགས་ཀྱི་བཀའ་སློབ་སྩལ་བསྟུན་དེ་སྔ་རྡ་ས་བཞུགས་སྒར་དུ།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་མཛད་པ་ལྟར།  བོད་མི་ནང་པའི་དགེ་འདུན་པ་ཁག་གཅིག་གིས་གཙོས་འབྲེལ་ཡོད་ནང་པའི་ལྟ་གྲུབ་རྣམ་གཞག་ཐོག་མཁས་མྱོང་ཚོས་དེང་དུས་སྤྱི་ཚོགས་དང་མཐུན་པར།  ནང་པའི་གཞུང་ནས་ཚན་རིག་གི་ཆ་དང་ལྟ་གྲུབ་ཀྱི་ཆ། ཆོས་ཕྱོགས་ཀྱི་རྣམ་གཞག་སོ་སོར་ཕྱེ་ནས། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་པོད་ཕྲེང་ཕྱོགས་སྒྲིག་ཨིན་སྒྱུར་ཞུས་པ་དེ་དག་གི་ནང་དོན་ལ་དེང་སྐབས་རྒྱ་ནག་གི་མཐོ་སློབ་ཁག་གི་དགེ་རྒན་ཚོས་དོ་སྣང་ཆེན་པོ་དང་། ངོ་མཚར་སྐྱེ་བཞིན་ཡོད་པ་གོ་ཐོས་བྱུང་། 

དེང་སྐབས་རྒྱ་གར་སྤྱི་ཚོགས་ནང་ཨིན་ཇིས་དེ་སྔ་གཏན་ལ་ཕབ་པའི་ཤེས་ཡོན་ལམ་ལུགས་ཐོག་སྐྱོད་བཞིན་ཡོད།  ལམ་ལུགས་དེས་གཙོ་བོ་ཕྱི་དངོས་པོའི་མཐུན་རྐྱེན་གཙིགས་ཆེར་འཛིན་བཞིན་ཡོད། དེར་བརྟེན་དེང་དུས་རྒྱ་གར་བ་ཚོས་རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པའི་རྣམ་གཞག་དང་འབྲེལ་བའི་ཤེས་ཡོན་དེ་དག་ལ་སྣང་ཆུང་ཤོར་བའི་ཚོར་སྣང་ཞིག་ངོས་ལ་ཡོང་གི་འདུག

རིག་གཞུང་དེ་དག་ཉམས་གསོ་ཐུབ་ཚེ་འགྲོ་བ་མི་རིགས་ཀུན་གྱི་བདེ་སྡུག་དང་ཧ་ཅང་འབྲེལ་བ་ཡོད། ཅེས་བཀའ་སློབ་སྩལ་རྗེས་གཏོང་ལེན་ཞེས་པའི་གོ་དོན་འབྲེལ་བརྗོད་མཛད་པ་དང་སྦྲགས། མགོན་པོ་གང་ཉིད་མཆོག་གིས་དེ་སྔ་གནས་མཆོག་རྡོ་རྗེ་གདན་དུ་༸སྐུའི་སྙུན་གཞི་བཞེས་སྐབས་གཏོང་ལེན་ཉམས་བཞེས་མཛད་པ་དེས་ཧ་ཅང་ཕན་ཐོགས་ཡོད་པ་ཐུགས་དྲན་གསོ་མཛད་པ་མ་ཟད། ཕྱི་ལོ་ ༢༠༠༨ ལོར་ལྷ་སར་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་རྒོལ་རྔམ་སྟོན་བྱེད་སྐབས་རྒྱ་གར་ནས་བྱ་ཐབས་གཞན་གང་ཡང་མེད་སྟབས། གཏོང་ལེན་ཉམས་བཞེས་མཛད་སྐོར་སོགས་བཀའ་སློབ་སྩལ།   དེ་ནས་གཏོང་ལན་སློབ་གྲྭའི་སློབ་མ་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༤ བཞེས་པར་འཚམས་འདྲིའི་སྙན་རྩོམ་ལྷ་སྙན་སྒྲོན་འབུལ་ཞུས་པར་མགོན་པོ་མཆོག་ཐུགས་དགྱེས་ཚོར་མཛད། 

དེ་ནས་མུ་མཐུད་བཀའ་སློབ་སྩལ་དོན། ངོས་ཀྱི་གཟུགས་པོ་འདི་བོད་ནང་སྐྱེས་པ་རེད། འོན་ཀྱང་ཀླད་པའི་ཕྲ་ཕུང་རེ་རེའི་ནང་རྒྱ་གར་གནའ་རབས་དཔལ་ནཱ་ལེནྡྲའི་སྲོལ་རྒྱུན་ལེགས་བཤད་ཡིན། དེར་བརྟེན་བསམ་བློའི་ཐོག་ནས་ངོས་རང་རྒྱ་གར་བ་ཞིག་ཡིན། ད་ཆ་ངོས་རང་ལོ་ན་ ༨༤ རེད།  འབྱུང་འགྱུར་ལོ་དགུ་བཅུ་གོ་བཞིའམ་ཡང་ན་ལོ་བརྒྱ་སྐོར་ཙམ་ཕལ་ཆེར་འཚོ་ཐུབ་རྒྱུ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ། 

Share with your friends










Submit