ཟླ་བ་ ༧ ཚེས ༦ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༦ རེས་གཟའ་སྤེན་པ།

༄༅། །བོད་རྒྱལ་ལོ་ ༢༡༤༦ ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༦ ཉིན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་དཔུང་གཉེན་དམ་པར་༸སྐུའི་མཚན་དཔེ་བཞད་ནས་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གཞུང་འབྲེལ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། 

དེེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་བཞུགས་སྒར་ལྷ་རྒྱལ་རིར་སྐུ་ཁམས་དང་མཐུན་པའི་སྐུ་རླུང་དར་འཛུགས་དང་། དར་ཆེན་ན་བཟའ་སྒྲོན་འབུལ་དང་ཆབས་ཅིག་ཁྲོ་བོ་ཁམས་གསུམ་དབང་འདུས་དང་། བསྟན་སྲུང་དམར་ནག་གཉིས་ཀྱི་སྤྱན་སྔར་རྣམ་གྲྭ་དགེ་འདུན་པ་བཞི་གྲས་རྒྱགས་བརྔན་ལྷ་བསང་དང་། གནས་གྲྭ་དགེ་འདུན་བཞི་གྲས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་མཐུ་བོ་ཆེ་རྣམས་ཀྱི་དབུ་འཕང་དགུང་དུ་འདེགས་པའི་བསང་མཆོད་ཟབ་རྒྱས་འབུལ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཆེ་ཕྲ། དྷ་ས་ཁུལ་གནས་སྡོད་སེར་སྐྱ་མི་མང་ཡོངས་ནས་བོད་ལུགས་ན་བཟའ་གཟབ་མཆོར་དང་བཅས་མཉམ་ཞུགས་གནང་།

དེ་ནས་ཆུ་ཚོད་ ༡༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཀི་ཤན་ཀཱ་པུར་ Kishan Kapoor མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རར་ཕེབས་མཚམས་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་ཚང་མ་སྐུ་བཞེངས་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་འཛུགས་དང་སྦྲགས།   བོད་ཀྱི་ཟློས་གར་ཚོགས་པ་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་དང་། རྒྱ་གར་རྒྱལ་གླུ་ཕུལ་གྲུབ་མཚམས།

དཔལ་ལྡན་སྲིད་སྐྱོང་མཆོག་ནས་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུ་རྒྱུ་དང་།  དེ་རྗེས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། ཁྲིམས་ཞིབ་པ་གཞན་གཉིས། ཡབ་གཞིས་སྐུ་འཁོར་རྣམ་པ། བཀའ་བློན་ལས་ཟུར་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་བཅས་ནས་རིམ་བཞིན་རྟེན་འབྱུང་མཇལ་དར་སྒྲོན་འབུལ་ཞུས། 

སྐབས་དེར་བོད་ཀྱི་ཟློས་གར་ཚོགས་པ་ནས་དྲུག་བཅུའི་དབྱངས་ལྡན་ཞེས་པའི་མཉམ་གཞས་ཕུལ་འདུག དེ་ནས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་པ་དང་། དྷ་ས་ས་གནས་འགོ་འཛིན་གྱི་གོ་སྒྲིག་འོག་བོད་ཆོལ་གསུམ་ཆིག་སྒྲིལ་ཚོགས་པས་རྟེན་འབྲེལ་མཚོན་བྱེད་དུ་མངར་ཟས་ Cake མཐུན་འགྱུར་གནང་བ་དེ་བཞིན་འདེགས་འབུལ་ཞུས་གནང་ཡོད།

དེ་རྗེས་བོད་ཁྱིམ་ཉིན་སློབ་ནས་༸གོང་ས་མཆོག་ལ་བསྟོད་པ་གཟིགས་འབུལ་ཞུས་གྲུབ་བསྟུན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཞུང་ཆེན་རིགས་གཅིག་རྐང་འཛིན་སྐབས་དང་པོའི་གྲུབ་འབྲས་མཐར་སོན་གྱི་ཕྱག་འཁྱེར་གནང་བ་དང་། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་རིགས་གཅིག་རྐང་འཛིན་ཉམས་ཞིབ་པ་གཉན་ཐར་ལགས་དང་བསམ་གྲུབ་ལགས་གཉིས་སུ་འདི་ལོར་ཆེད་རྩོམ་དང་ངག་རྒྱུགས་གཉིས་ཀར་ཚད་སོན་བྱུང་སྟེ་རིགས་གཅིག་རྐང་འཛིན་གྱི་ཕྱག་འཁྱེར་གནང་།

དེ་ནས་རྡ་ཤོད་དཔེ་སྟོན་སློབ་གྲྭ་ནས་ཆོལ་གསུམ་བྲོ་གཞས་མཐུན་སྒྲིལ་གྱི་གར་སྟབས་གཟིགས་འབུལ་ཞུས་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ལས་བྱེད་ལས་རྒྱུན་ཞབས་ལོ་ ༢༥ ཧྲིལ་པོ་ལོན་པའི་ལས་བྱེད་རྒན་གྲས་  ༨ ལ་ལས་བྱེད་འདེམས་ལྷན་ནས་ལེགས་གསོའི་གཟེངས་རྟགས་ཕྱག་འཁྱེར་གནང་།

དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་རྟགས་ཐོབ་མཁན་གཉིས་ལ་དཔལ་ལྡན་སྲིད་སྐྱོང་མཆོག་ནས་གཟེངས་རྟགས་ཕྱག་འཁྱེར་གནང་མཚམས་ཡོངས་གླིང་སློབ་གྲྭ་ནས་སྒོར་གཞས་བུ་མོའི་བཤད་པ་ཞེས་པ་གཟིགས་འབུལ་ཞུས།

དེ་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ཀྱི་གསུང་བཤད་གནང་རྗེས་རྡ་སྟེང་བོད་ཁྱིམ་སློབ་གྲྭ་ནས་ཀོང་པོའི་འཁྲབ་གཞས་ཚོགས་འབོ་ཞེས་པ་གཟིགས་འབུལ་ཞུས་ཡོད།  དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་།  སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུམ་དུས་བཀའ་སློབ་ཕྱོགས་སྒྲིག་གི་དཔེ་དེབ་དབུ་འབྱེད་དང་སྦྲགས་གསུང་བཤད་གནང་འདུག

དེ་རྗེས་དྷ་ཤོད་བོད་ཁྱིམ་ནས་མདོ་སྨད་རེབ་ཀོང་གི་སྐོར་བྲོ་གཟིགས་འབུལ་ཞུས་པ་མ་ཟད།  བོད་ཀྱི་ཟློས་གར་ཚོགས་པ་ནས་མདོ་ཁམས་ཁྱུང་པོ་སྟེང་ཆེན་གྱི་རས་པ་གཟིགས་འབུལ་ཞུས་ཏེ་མཛད་སྒོ་རྒྱལ་ཁའི་ངང་ནས་མཇུག་བསྒྲིལ་ཡོད་པ་བཅས། །

Share with your friends










Submit