ཟླ་བ་ ༧ ཚེས ༡༩ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༩ རེས་གཟའ་པ་སངས།


༄༅། །འདི་གར་སིམ་ལ་སྤྱི་ཁྱབ་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༥ ཉིན་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་། ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཨ་ཅཱརྱ་ཌེབ་རཊ་ Acharya Dev Vrat མཆོག་གནས་སྤོས་ཀྱིས་གུ་ཇུ་རཱཏ་ Gujarat མངའ་སྡེའི་སྲིད་སྐྱོང་དུ་བསྐོ་གཞག་གནང་ཡོད་པ་དང་།

དེ་བཞིན་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་དུ་སྐུ་ཞབས་ཀལ་རཱཇ་མིཤྲཱ་ Kalraj Mishra མཆོག་བསྐོ་གཞག་གནང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་ལྟར། འདི་ག་སྤྱི་ཁྱབ་ལས་ཁུངས་ནས་མངའ་སྡེའི་སྲིད་སྐྱོང་ལས་ཁུངས་སུ་ཐད་ཀར་འབྲེལ་གཏུགས་ཀྱིས་སྲིད་སྐྱོང་སྐུ་ཞབས་ཨ་ཅཱརྱ་ཌེབ་རཊ་མཆོག་ལ་ཕེབས་སྐྱེལ་མཇལ་འཕྲད་ཞུ་རྒྱུའི་མཚོན་ཕྱགས་རྟགས་སྒྲོན་འབུལ་ཐོག་འཚམས་འདྲི་ཞུ་རྒྱུའི་གོ་སྐབས་ཡོང་བ་ཞུ་དོན་བཞིན། ཕྱི་ཚེས་ ༡༨ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢།༣༠ ཐོག་འདི་ག་སིམ་ལ་སྤྱི་ཁྱབ་ཀྱི་དབུ་ཁྲིད་འོག་ས་གནས་དགོན་ཁག་སྡེ་གཉིས་ཀྱི་སྐུ་ཚབ་དང་། གཞིས་མི་བརྒྱ་དཔོན། དེ་བཞིན་ས་གནས་གཞོན་ནུ་དང་། བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ་བཅས་སྲིད་སྐྱོང་མཆོག་གི་བཞུགས་གནས་ Governor House སུ་དུས་ཐོག་ཆེད་བཅར་ཞུས་པ་དང་སྦྲགས། སྐུ་ཞབས་ཨ་ཅཱརྱ་ཌེབ་རཊ་མཆོག་ལ་ཧི་མཱ་ཅལ་མངའ་སྡེའི་ནང་གནས་འཁོད་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་མཇལ་དར་སྒྲོན་འབུལ་ཞུས་པ་དང་། ཐུབ་དབང་གི་སྐུ་ཐང་ཞིག་ཕྱག་རྟགས་མཚོན་ཕུལ་ཐུབ་པ་བྱུང་ཡོད།

དེ་ཡང་སྤྱི་ཁྱབ་པས་ཁོ་པར་འཚམས་འདྲི་གྲངས་མེད་ཞུ་རྒྱུ་དང་། ད་ལྟའི་བར་བོད་དོན་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་བླ་མེད་དུ་ཆེ་ཞུས། དེ་བཞིན་ལས་གནས་གསར་པར་བཀྲ་ཤིས་ལམ་ལྷོངས་ཡོང་བའི་སྨོན་འདུན་དང་། ལྷག་པར་མ་འོངས་བོད་དོན་དང་བོད་མིར་མུ་མཐུད་མཐུན་འགྱུར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་བཅས། །

Share with your friends










Submit