ཟླ་བ་ ༧ ཚེས ༢༢ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༢ རེས་གཟའ་ཟླ་བ། 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༥༥ ཙམ་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ལྕམ་སྐུ་ཤི་ལ་ཌིག་ཤིཌ་ Sheila Dikshit མཆོག་དགུང་ལོ་ ༨༡ ཐོག་སྙིང་ཁྲག་འགག་པའི་ Cardiac arrest རྐྱེན་གྱིས་རྒྱལ་ས་ལྡི་ལིའི་ Fortis Escorts Heart Institute ཞེས་པའི་སྨན་ཁང་དུ་གློ་བུར་དུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དམ་པ་དེ་ཉིད་ཀྱི་ནང་མི་དང་གཉེན་ཉེ་ཡོངས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན།
ཤེས་རྒྱ་དང་ཉམས་མྱོང་ལྡན་པའི་རྒྱ་གར་གྱི་ཆབ་སྲིད་པ་ཞིག་དང་བློ་ཐག་ཉེ་བའི་བོད་ཀྱི་གྲོགས་པོ་ཞིག་གློ་བུར་དུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་གོ་ཐོས་བྱུང་བས་ཧ་ཅང་བློ་ཕམ་བྱུང་།

ལྕམ་སྐུ་ཤི་ལ་ཌིག་ཤིཌ་མཆོག་ནི་དེ་སྔ་ཀོང་གི་རི་སི་ Congress ཆབ་སྲིད་ཚོགས་པའི་གཞུང་འཛིན་སྐབས་དབུས་གཞུང་གི་བློན་ཆེན་དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་གནང་མྱོང་ཡོད་པ་མ་ཟད། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཡུན་རིང་ཤོས་གནང་མྱོང་མཁན་ཞིག་ཡིན། དམ་པ་དེ་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོ་རྒྱ་གར་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་ཆེད་དུ་བློས་བཏང་གནང་ཡོད། དམ་པ་དེ་ཉིད་ཀྱིས་ལོ་ངོ་ ༡༥ རིང་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་གནང་བའི་སྐབས་རྒྱལ་ཁབ་ལ་ཞབས་འདེགས་རླབས་ཆེན་ཞུས་ཡོད་པ་མ་ཟད། རྒྱལ་ས་ལྡི་ལི་ཡང་ཕྱོགས་ཡོངས་ནས་ཡར་རྒྱས་བཏང་གནང་ཡོད།

ལྕམ་སྐུ་ཤི་ལ་ཌིག་ཤིཌ་མཆོག་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཞུ་མཁན་ཞིག་དང་། བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན། དམ་པ་དེ་ཉིད་ཀྱིས་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་བདེ་སྡུག་ལ་གཟིགས་རྟོག་གནང་བ་དང་། ལྷག་པར་རྒྱལ་ས་ལྡི་ལིར་གནས་སྡོད་བྱེད་བཞིན་པའི་བོད་མི་ཚོར་དམིགས་བསལ་གྱིས་གཟིགས་རྟོག་གནང་ཡོད། དམ་པ་དེ་ཉིད་སྐུ་འཚོ་བཞུགས་སྐབས་ཁོང་གིས་བོད་མི་ཚོ་ཐུགས་ལ་བཅངས་ནས་དུས་རྟག་ཏུ་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མྱོང་ཡོད། འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོས་དུས་རྟག་ཏུ་དམ་པ་དེ་ཉིད་རྒྱ་གར་ནང་བོད་དོན་ལས་འགུལ་སྣེ་ཁྲིད་མཁན་ཞིག་དང་བློས་ཐུབ་ཀྱི་གྲོགས་པོ་ཞིག་ལ་ངོས་འཛིན་བྱ་ངེས་ཡིན། ཞེས་གསུངས།།

Share with your friends










Submit