ཟླ་བ་ ༧ ཚེས ༩ ༢༠༡༩
Published By ngawang thokmey

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༩ རེས་གཟའ་མིག་དམར།

༄༅།  །དེ་སྔའི་རྒྱ་ནག་གུང་བྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་གཞོན་པ་དང་། རྒྱལ་ཡོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་ཟུར་པ་ཀྲུའུ་ཝེ་ཆོན་གྱིས་ཉེ་ལམ་གོ་ལའི་དུས་བབ་ཟེར་བའི་རྒྱ་ནག་གཞུང་འབྲེལ་གསར་འགྱུར་ནང་རྩོམ་ཡིག་ཅིག་སྤེལ་བའི་ནང།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམའ་འབེབས་དང་ཟུར་ཟ་བྱས་དོན། “ཏཱ་ལའི་བླ་མ་དང་ལྷན་ཆ་རྐྱེན་མེད་པའི་ཐོག་ནས་འབྲེལ་མོལ་ཡོང་མི་སྲིད་པ་ཞིག་རེད།”ཅེས་འཁོད་པ་ཙམ་མ་ཟད།  རྩོམ་དེའི་ནང་རྒྱ་ནག་ཏུ་གནས་སྡོད་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ཊེ་རི་བྷྲན་སི་ཊཌ་མཆོག་ལའང་རྒྱ་ནག་རྒྱལ་ནང་གི་སྲིད་བྱུས་ཐོག་ཐད་བྱུས་བྱས་པའི་སྐྱོན་བརྗོད་ཀྱང་བྱས་འདུག

རྒྱ་ནག་ཏུ་གནས་སྡོད་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ཊེ་རི་བྷྲན་སི་ཊཌ་Terry Branstad མཆོག་འདི་ལོའི་ཕྱི་ཟླ་ ༥ ནང་བོད་ནང་འཚམས་གཟིགས་སུ་ཕེབས་སྐབས། རྒྱ་ནག་དཔོན་རིགས་ཚོར་བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ལྷན་ཆ་རྐྱེན་གང་ཡང་མེད་པའི་འོག  བོད་ཀྱི་གནད་དོན་གསལ་ཆེད་འབྲེལ་མོལ་དོན་སྙིང་ལྡན་པ་ཞིག་ཞུ་དགོས་པ་གསལ་འདོན་གནང་འདུག 

སྤྱིར་ཀྲུའུ་ཁོ་པ་དེ་སྔ་ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་བོད་རྒྱ་འབྲེལ་མོལ་གནང་སྐབས་འགོ་གཙོའི་གྲས་ཤིག་རེད། འབྲེལ་མོལ་དེར་གྲུབ་འབྲས་གང་ཡང་བྱུང་མེད། ང་ཚོས་འདིར་ཀྲུའུ་དང་རྒྱ་ནག་འགོ་ཁྲིད་ཚོས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་བར་ཆ་རྐྱེན་དགོས་པའི་ཨུ་ཚུགས་མཐར་སྐྱེལ་གྱི་བྱེད་སྟངས་དེར་རྒྱུ་མཚན་གང་ཡོད་ཐད་དཔྱད་པ་ཞིག་བྱེད་དགོས།  བོད་རྒྱ་འབྲེལ་མོལ་ཐེངས་དགུ་ཙམ་བྱས་པ་དེས་བོད་ལ་གྲུབ་འབྲས་བཟང་པོ་ཞིག་ཐོབ་མེད་ཀྱང་རྒྱ་ནག་ལ་མཚོན་ན་ཕན་ཐོགས་ཧ་ཅང་བྱུང་ཡོད།  དང་ཐོག་རྒྱལ་སྤྱིའི་ཐོག་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་མཁན་རྣམས་རེ་ཞིག་ཞི་འཇམ་དུ་བཏང་ཐུབ་པ་དང་།  གཉིས་ནས་ཕྱི་ལོ་ ༢༠༠༨ ལོར་པེ་ཅིང་དུ་ཨོལ་རྩེད་རྩེད་འགྲན་ཆེན་མོ་གོ་སྒྲིག་བྱས་ཐུབ་པ།  རྒྱ་ནག་གཞུང་གིས་བོད་མིའི་མངོན་འདོད་གཙོ་བོ་གང་ཡིན་པ་ཤེས་རྟོགས་ཐུབ་པ་དེ་ནི་ཁེ་ཕན་གསུམ་པའམ་གལ་འགངས་ཆེ་ཤོས་དེ་ཆགས་ཡོད།   

རྒྱ་ནག་གཞུང་ལ་ཕན་ཐོགས་བྱུང་བ་གཉིས་ཕུད་གསུམ་པ་ནི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་དེ་རེད། གནད་དོན་གསུམ་པའི་ཐོག་བསམ་བློ་གཏོང་སྐབས་རྒྱ་ནག་འགོ་ཁྲིད་ཚོ་སྐྱི་གཡའ་དགོས་པ་བྱུང་ཡོད།  གང་ཡིན་བརྗོད་ན་བོད་མིའི་མངོན་འདོད་དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་པོར་བཀོད་ཡོད།  དེར་བརྟེན་ཁོ་པ་ཚོར་སེམས་འཚབ་ཧ་ཅང་སྐྱེས་པ་རེད། ཆ་རྐྱེན་དེར་ངོས་ལེན་མ་བྱས་ཚེ་རྩ་ཁྲིམས་དང་འགལ་ཞིང་།  རྒྱ་ནག་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་བྱེད་རྒྱུ་ཡིན་སྟབས་ཁོ་པ་ཚོས། བོད་མིས་བཏོན་པའི་”མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་”ཞེས་པ་དེར་ཆེད་མངགས་གཡོ་ཐབས་འོག་ལོག་འགྲེལ་བྱས་ནས། བསམ་འཆར་དེ་ནི་བོད་མི་ཚོས་མངོན་པར་མི་གསལ་བའི་ཐོག་ནས་རང་བཙན་རྩོད་པ་ཞིག་དང་། བོད་ཆེན་པོ་རྩོད་པ། བོད་ནས་རྒྱ་མི་རིགས་ཕྱིར་འབུད་གཏོང་ཐབས་བྱས་པ་སོགས་བཤད་ནས་བོད་མིའི་ཆ་རྐྱེན་དེའི་འོག་རྒྱ་ནག་གཞུང་གིས་འབྲེལ་མོལ་ཡོང་ཐབས་མེད་སྐོར་བཤད།  དེར་བརྟེན་ཆ་རྐྱེན་དེར་མོས་མཐུན་མ་བྱས་པ་རེད།    རྒྱ་ནག་མི་དམངས་དང་རྒྱ་ནག་འགོ་ཁྲིད་ཁྲོད་”མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་”ཞེས་པའི་ནང་དོན་སྙིང་པོ་རྒྱུས་མངའ་མེད་མཁན་མང་པོ་ཡོད། 

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༢ ནས་འབྲེལ་མོལ་ཐེངས་དགུ་བྱས་རྗེས།  ད་གཟོད་བོད་མིའི་མངོན་འདོད་ལ་རྒྱ་ནག་གཞུང་གིས་ཁྲིམས་མཐུན་གྱིས་བདག་སྤྲོད་མ་བྱས་པར་འགྲོ་ས་མེད་པ་ཤེས་སྟབས། བོད་མིའི་ཆ་རྐྱེན་དེའི་འོག་འབྲེལ་མོལ་བྱས་པ་ཡིན་ན།  རྒྱ་ནག་གཞུང་ལ་ཁེ་ལས་གྱོང་ཆེ་བ་འདུག་བསམས་ནས་འབྲེལ་མོལ་ལས་གཡོལ་ཐབས་ཁོ་ན་བྱས་པ་མ་གཏོགས།  ཁྲིམས་ཀྱི་ཐོག་ནས་རྒྱ་ནག་གཞུང་ལ་འབྲེལ་མོལ་བསྐྱར་གསོ་བྱེད་མི་དགོས་པའི་རྒྱུ་མཚན་གཞན་གང་ཡང་མ་ལྷག་པ་རེད།  གང་ཡིན་བརྗོད་ན་བོད་དེ་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པ་ཞིག་དང་། ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བ་བོད་ས་བཙན་བཟུང་བྱེད་རྒྱུ་ཁོ་ནའི་ཆེད་བཙན་དབང་འོག་བཞག་བཅུག་པ་དེ་རྒྱ་ནག་གཞུང་གིས་གསལ་པོར་ཤེས་ཀྱི་ཡོད།  ད་ཆ་བོད་མིས་རྩོད་བཞིན་པ་ནི་རྒྱ་ནག་རང་གི་རྩ་ཁྲིམས་ནང་གསལ་བའི་ཆ་རྐྱེན་ཞིག་དང་། ཆིངས་ཡིག་དོན་ཚན་བཅུ་བདུན་གྱི་འབྲུ་དོན་ལྟར་ཡིན་པ་ལས་དེའི་རྒྱ་ལས་འགལ་མེད། དེ་ལྟར་ན་བོད་མིའི་མངོན་འདོད་ལ་བདེན་པ་དང་ལོ་རྒྱུས་ཀྱི་རྒྱབ་རྟེན་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་ཨུ་ཚུགས་མཐར་སྐྱེལ་གྱིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་བར་སྔོན་འགྲོའི་ཆ་རྐྱེན་དགོས་ཚུལ་གྱིས།  ཆེད་མངགས་ཁུངས་ལུང་མི་ལྡན་པའི་ཆ་རྐྱེན་མ་བཏོན་དཀའ་མེད་ཆགས་ཡོད།  དེ་ཡང་ཀྲུའུ་ཝེ་ཆུན་གྱིས་ཆ་རྐྱེན་གཉིས་བཏོན་པ་ནི།

“འབྲེལ་མོལ་དེ་རྒྱ་ནག་དབུས་གཞུང་དང་བོད་མིའི་སྒྲིག་འཛུགས་སམ་བཙན་བྱོལ་བོད་གཞུང་ཟེར་བའི་དབར་མིན་པ་དང་།  འབྲེལ་མོལ་དེ་བོད་མི་དང་རྒྱ་ནག་ཧན་མི་རིགས་དབར་མིན་ཞིང་། བོད་མི་དང་རྒྱ་ནག་གི་འབྲེལ་མོལ་མིན་པ། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་དང་ཐེ་ཝན་གཉིས་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་ལེན་ཞུ་དགོས་པ། ཁ་བྲལ་དང་གཏོར་བཤིག་གི་ལས་འགུལ་ཡོངས་རྫོགས་མཚམས་འཇོག་དགོས་པ།” ཟེར་བའི་ཆ་རྐྱེན་དེ་གཉིས་ལ་ང་ཚོས་དཔྱད་པ་ཡིན་ན། འབྲེལ་མོལ་བསྐྱར་གསོ་ཡོང་རྒྱུར་འགོག་རྐྱེན་བཟོ་རྒྱུ་དང་། གཡོལ་ཐབས་ཁོ་ནའི་ཆེད་ཡིན་པ་གསལ་པོ་རེད། རྒྱ་ནག་འགོ་ཁྲིད་ཚོར་འབྲེལ་མོལ་བསྐྱར་གསོ་བྱ་རྒྱུའི་ཆོད་སེམས་མེད་སྟབས་ཐེངས་འདིར་ཀྲུའུ་ཝེ་ཆོན་ཁོ་པས། “ཏཱ་ལའི་བླ་མ་དང་ལྷན་ཆ་རྐྱེན་མེད་པར་འབྲེལ་མོལ་ཡོང་མི་སྲིད། “ཅེས་བཤད་པ་རེད། དྲང་བདེན་གྱི་ལམ་ནས་འབྲེལ་མོལ་བསྐྱར་གསོ་བྱས་པ་ཡིན་ན་བོད་མིར་ཁེ་ཕན་ཡོང་རྒྱུ་ཡིན་པ་ཤེས་ནས་ཆེད་མངགས་རྒྱ་ནག་འགོ་ཁྲིད་ཚོས་འབྲེལ་མོལ་བསྐྱར་གསོ་ཡོང་རྒྱུར་འགོག་རྐྱེན་བཟོས་པ་ཞིག་རེད། 

༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་༸སྐུ་འཚོ་བཞུགས་མ་མཛད་པ་ཡིན་ན་བོད་ཀྱི་གནད་དོན་དེ་འཇའ་ཡལ་བ་ལྟར་རྩ་བརླག་ཏུ་འགྲོ་རྒྱུའི་རེ་སྟོང་འཆང་བ་ཞིག་རེད། རྒྱ་ནག་འགོ་ཁྲིད་ཚོས་རེ་བ་སྟོང་པ་དེ་འདྲ་ཞིག་བརྒྱབ་པ་ཙམ་གྱིས་བོད་ཀྱི་གནད་དོན་བརླག་ཐབས་རྩ་བ་ནས་མེད། ཉེ་ལམ་ནིའུ་ཛི་ལེནྜི་ནས་ཡིན་པའི་ཕ་མ་འདྲེས་མའི་བོད་ཕྲུག་རང་ལོ་ ༡༤ སོན་པ་ཞིག རྒྱ་ནག་ནང་འཛམ་གླིང་ན་གཞོན་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཆེན་མོར་མཉམ་ཞུགས་བྱ་རྒྱུར་རྒྱ་ནག་གཞུང་གིས་འགོག་རྐྱེན་བཟོས་ཡོད། བྱེད་སྟངས་དེ་ནི་ཅོལ་ཆུང་ཞིག་དང་འུ་ཐུག་ཐབས་ཟད་ཅིག་ཡིན་པ་མ་ཟད།  ཡེ་ཤུའི་གསུང་རབ་ནང་ཌེ་ཝིཌ་ David ཞེས་པའི་གཞོན་ནུ་ཞིག་དང་། གྷོ་ལ་ཡི་ཏི་ Goliath ཞེས་པའི་མི་གཟུགས་སྟོབས་ཧ་ཅང་ཆེན་པོ་གཉིས་འཐབ་ནས་གཞོན་ནུ་དེར་རྒྱལ་ཁ་ཐོབ་པའི་དཔེ་དེ་རང་དབང་མེད་པར་དྲན་སྐུལ་བཏང་བྱུང་། 

རྒྱ་ནག་གཞུང་ལ་མཚོན་ན་རང་ཉིད་རྒྱལ་སྤྱིའི་ནང་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་ཧ་ཅང་ཡོད་པར་རློམ་བཞིན་ཡོད་ཀྱང་།  བོད་པའི་ན་གཞོན་རང་ལོ་ ༡༤ ལོན་པ་ཞིག་ལའང་གླགས་མ་ཁེལ་པ་རེད།   སྟོབས་ཆེན་རྒྱལ་ཁབ་གཅིག་གིས་བོད་མི་ན་གཞོན་གཅིག་ལ་དེ་ཙམ་དོགས་ཟོན་བྱེད་དགོས་པ་ནི་རང་ནོངས་ཆེ་དྲགས་པའི་རྟགས་རེད།  བརྡ་ལན་གསལ་པོ་ཞིག་གང་བཏང་བ་རེད་བརྗོད་ན། རྒྱ་ནག་དམར་པོའི་སྲིད་གཞུང་གིས་རང་གི་སྟོབས་ཤུགས་ཇི་ཙམ་རློམས་ཡང་བོད་མི་གཞན་ལྟ་ཞོག  བོད་ཕྲུག་ལོ་ན་ ༡༤ ལས་མ་སོན་པ་ཞིག་ཀྱང་ཁ་གཏད་མ་ཆོག་པར་བརྟེན། ཐེངས་འདིར་ཀྲུའུ་ཝེ་ཆོན་གྱིས་ “བོད་ཀྱི་གནད་དོན་ཟེར་བ་མེད་” ཅེས་བཤད་པའི་སྐད་ཆ་དེ་རྩ་བ་ནས་ནོར་འཁྲུལ་རེད། བོད་ཀྱི་གནད་དོན་ཡོད་པ་ནི་དངོས་བདེན་རེད། ཇི་སྲིད་བོད་མི་རྩ་སྟོང་མ་ཕྱིན་བར་བོད་ཀྱི་གནད་དོན་མུ་མཐུད་གནས་རྒྱུར་ངེས།   དེར་བརྟེན་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱ་རྒྱུ་དང་།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་རྒྱུ་མཚམས་འཇོག་གིས། བོད་མིའི་དངོས་ཡོད་དོན་དམ་དཀའ་ངལ་ལ་བསམ་ཤེས་བྱས་ནས།  བོད་མི་ཚོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་ལྟར།  བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་རྒྱུར་ཁྲིམས་མཐུན་གྱི་ཐོབ་ཐང་ཡོད་པ་དེ་དག་ངེས་པར་དུ་སྤྲོད་དགོས།    

གོང་གི་ཆེད་རྩོམ་འདི་བཞིན་དྲིལ་བསྒྲགས་དྲུང་ཆེ་ཚེ་དབང་རྒྱལ་པོ་ཨརྱ་ལགས་ཀྱིས་བརྩམས་པ་ཞིག་དང་། ཨིན་ཡིག་ནས་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་སྟབས། ཚིག་དོན་ལ་ཁྱད་པར་མཆིས་ཚེ་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།

གོང་གི་བསམ་ཚུལ་རྣམས་སྒེར་གྱི་བསམ་ཚུལ་ལས་ཕྱི་དྲིལ་ལས་ཁུངས་ཀྱི་བསམ་ཚུལ་ཡིན་པའི་ཁྱབ་པ་མེད།

 

Share with your friends










Submit