ཟླ་བ་ ༧ ཚེས ༡༩ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༩ རེས་གཟའ་པ་སངས། 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༨ རེས་གཟའ་ཕུར་བུའི་ཉིན་ཨ་རིའི་སྲིད་འཛིན་གཞོན་པ་སྐུ་ཞབས་མེག་པིན་སི་  Mike Pence མཆོག་གིས། ཆོས་དད་རང་དབང་དར་སྤེལ་གཏོང་ཐབས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཐེངས་གཉིས་པའི་མཇུག་སྡོམ་མཛད་སྒོར་ཆེད་ཕེབས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མིའི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་དོན། རྒྱ་ནག་གཞུང་གིས་བོད་མི་ནང་པ་ཚོའི་ཆོས་དད་རང་དབང་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་དེར་ཨ་རི་གཞུང་གིས་དུས་རྒྱུན་དུ་སྐྱོན་བརྗོད་བྱེད་བཞིན་ཡོད་པ་མ་ཟད། དེ་རིང་སླར་ཡང་རྒྱ་ནག་གཞུང་གི་བྱེད་བབ་ལ་ང་ཚོས་སྐྱོན་བརྗོད་བྱེད་བཞིན་ཡིན།

རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་བཅུ་ཕྲག་རིང་ནས་བོད་མི་ནང་པ་ཚོའི་ཆོས་དད་རང་དབང་ཐད་དམ་བསྒྲགས་དང་སྲུན་གཙེར་ཧ་ཅང་བཟོ་བཞིན་ཡོད།  དཔེ་མཚོན་གཅིག་ནི། ཕྱི་ལོ་ ༡༩༩༥ ལོར་རྒྱ་ནག་གཞུང་གིས་བཙན་དབང་འོག་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༦ ལ་སོན་སྐབས་ནང་མི་དང་ལྷན་བཙན་ཁྲིད་བྱས་རྐྱེན་ད་བར་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༤ འགྲོ་བཞིན་ཡོད།

ཨ་རི་གཞུང་ནས་རྒྱ་ནག་དང་ལྷན་དུ་ཚོང་དོན་སོགས་འབྲེལ་ལམ་ཇི་འདྲ་ཞིག་བྱེད་ཀྱང་རྒྱ་ནག་གཞུང་གི་བཙན་དབང་འོག་དཀའ་སྡུག་མྱོང་བཞིན་པའི་རྒྱ་ནག་ནང་གི་ཆོས་ལུགས་རྗེས་འབྲང་པ་དེ་དག་གི་དཀའ་ངལ་སྐོར་གླེང་སློང་བྱ་རྒྱུ་ཡིན། ཞེས་ཁས་ལེན་གནང་ཡོད་པ་བཅས། །

Share with your friends










Submit