ཟླ་བ་ ༧ ཚེས ༡༠ ༢༠༡༩
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩  ཟླ་ ༧ ཚེས་ ༡༠ རེས་གཟའ་ལྷག་པ།

༄༅། །འདི་གར་སྦར་སིལ་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩  ཟླ་ ༧  ཚེས་ ༩ ཉིན་སྦར་སིལ་དུ་སྦར་སིལ་བོད་ཀྱི་དོན་གཅོད་ཁང་ནས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད།  སྐབས་དེར་གལ་ཆེའི་སྐུ་མགྲོན་དུ་ཉེ་ཆར་འོས་འདེམས་བྱུང་བའི་ཡུ་རོབ་གྲོས་ཚོགས་འཐུས་མི་ ༡༡ ལྷག་དང་། ཨ་རི། ཨིན་ཡུལ། སུད་སི། ཐེ་ཝན་བཅས་ཀྱི་གཞུང་ཚབ་ལས་བྱེད་ཁག་དང་།  དེ་བཞིན་སྐུ་མགྲོན་གཞན་དང་ཡུ་རོབ་གྲོས་ཚོགས་འཐུས་མི་ཁག་གཅིག་གི་སྐུ་ཚབ་རྣམ་པ་ཕེབས་ཡོད།

དེ་ཡང་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་ཡུལ་ནི་སྦར་སིལ་རྒྱལ་སའི་ནང་ཤིན་ཏུ་ནས་བརྩི་མཐོང་ཆེ་བའི་སོལ་ཝེ་དཔེ་མཛོད་ཁང་ཡིན་ཞིང་། ཚོགས་ཁང་དེ་ཆེས་ཚུལ་མཐུན་དང་ཡ་རབས་ཐོག་བོད་ལུགས་རྒྱན་བཀོད་དང་སྦྲགས་སྐུ་ཐང་ཁག་སྒྲིག་བཤོམ་གྱིས་བརྗིད་ཉམས་ཆེ་བ་ལྟེ་གནས་ཤིག་ཏུ་གྱུར་བ་མ་ཟད། ནང་མ་བསྟོད་གཞས་དང་བོད་ཡིག་ཡིག་གཟུགས་འགྲེམས་སྟོན་སོགས་ཀྱི་ལམ་ནས་མཛད་སྒོ་གཟི་བརྗིད་ཅན་ཞིག་གོ་སྒྲིག་ཞུས་འདུག 

 

མཛད་སྒོ་དབུ་འཛུགས་སྐབས་དགེ་འདུན་འདུས་ཚོགས་ཤིག་གིས་སྨོན་ལམ་གསུང་འདོན་གནང་རྗེས་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱིས་སྐུ་མགྲོན་རྣམ་པར་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་སྙིང་བསྡུས་ཤིག་ངོ་སྤྲོད་ཞུས་པ་མ་ཟད། ༸གོང་ས་མཆོག་དང་ཡུ་རོབ་མཐུན་ཚོགས། དེ་བཞིན་ཡུ་རོབ་གྲོས་ཚོགས་མཉམ་སྔ་རྗེས་མཛད་འབྲེལ་ཁག་སྙན་སེང་ཞུས་ཏེ་ད་ལྟའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་ཐབས་སུ་རྒྱབ་སྐྱོར་འབོད་སྐུལ་ཞུས།

ལྗང་ཁུ་ཚོགས་པའི་ཚོགས་གཞོན་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Scott-Cato མཆོག་གིས་སྐུ་ཉིད་ཀྱི་ལོ་མང་བོད་དོན་ཐོག་ཕྱག་ལས་གནང་བ་དེ་ཉིད་ལས་དོན་བློ་སྤོབས་དང་དགའ་ཚོར་ཆེ་ཤོས་ཤིག་ཏུ་ངོས་འཛིན་ཞུས་བཞིན་ཡོད་པ་དང་། མ་འོངས་པར་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་རྒྱུར་རྒྱབ་སྐྱོར་སྣེ་ཁྲིད་གནང་རྒྱུའི་ཞལ་བཞེས་གནང་འདུག

ཡུ་རོབ་གྲོས་ཚོགས་འཐུས་མིའི་ཚོགས་གཞོན་ཟུར་པ་ Hautala མཆོག་གིས་ཁོང་ཉིད་ཀྱི་དེ་སྔ་༸གོང་ས་མཆོག་མཇལ་འཕྲད་ཞུས་པ་ཁག་དྲན་གསོ་གནང་བ་དང་སྦྲགས་བོད་དོན་ཐོག་མུ་མཐུད་འབད་བརྩོན་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་སོགས་ཀྱི་གསུང་བཤང་གནང་།

གསུང་བཤད་མཐའ་མ་དེ་བཞིན་དེ་སྔ་ཡུ་རོབ་གྲོས་ཚོགས་སུ་གྲོགས་འདྲིས་ཆེ་ཤོས་དང་རྒྱབ་སྐྱོར་བ་གལ་གནད་ཅན་སྐུ་ཞབས་ཤོ་གོར་མཆོག་གིས་མ་འོངས་པར་མུ་མཐུད་བོད་དོན་ཐོག་ཕྱག་ལས་གནང་རྒྱུ་ཡིན་ཞེས་ཞལ་བཞེས་གནང་འདུག

གསུང་བཤད་ཁག་མཇུག་སྒྲིལ་མཚམས་གཞས་མ་རྣམ་རྒྱལ་ལྷ་མོ་ལགས་དང་བོད་རིགས་ཚོགས་པའི་གཟའ་མཇུག་སློབ་གྲྭའི་གཞན་མ་རྣམས་ནས་སྲོལ་རྒྱུན་ནང་མ་བསྟོད་གཞས་ལེའུ་ ༥ གཟིགས་འབུལ་ཞུས་ཏེ་དགའ་དགའ་སྤྲོ་སྤྲོའི་ངང་འཁྲུངས་སྐར་གྱི་མཛད་སྒོ་བཀྲ་ཤིས་བདེ་ལེགས་ངང་མཇུག་སྒྲིལ་ཡོད་པ་བཅས། །

Share with your friends










Submit