ཟླ་བ་ ༧ ཚེས ༢༩ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༩ རེས་གཟའ་ཟླ་བ། 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༩ རེས་གཟའ་ཟླ་བའི་ཉིན་རྡ་ས་བདེ་ལེགས་སྨན་ཁང་གི་གོ་སྒྲིག་དང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་མཐུན་འགྱུར་འོག རྡ་ས་བདེ་ལེགས་སྨན་ཁང་ཉེ་འགྲམ་དུ་བདེ་ལེགས་ལུས་སྦྱོང་ཁང་ལེགས་པར་གྲུབ་པའི་དབུ་འབྱེད་མཛད་སྒོ་ཞིག་ཚོགས་སོང་།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། དྲུང་འཕར་བྱམས་པ་ཕུན་ཚོགས་ལགས། ཟུང་དྲུང་ཚེ་རིང་གཡུ་སྒྲོན་ལགས། བདེ་ལེགས་སྨན་ཁང་གི་སྨན་པས་གཙོས་ལས་བྱེད་རྣམ་པ། དེ་བཞིན་ཕྱི་ནང་གི་གསར་འགོད་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་ཆོས་སྐྱོང་དབང་ཕྱུག་མཆོག་གིས་དར་མཚོན་གཅོད་འབྲེག་གནང་སྟེ་བདེ་ལེགས་ལུས་སྦྱོང་ཁང་དབུ་འབྱེད་གནང་། 

དེ་ནས་འཕྲོད་བསྟེན་བཀའ་བློན་མཆོག་དང་། འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། དྲུང་འཕར་བྱམས་པ་ཕུན་ཚོགས་ལགས། ཟུང་དྲུང་ཚེ་རིང་གཡུ་སྒྲོན་ལགས་བཅས་ནས་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོར་མཇལ་དར་སྒྲོན་འབུལ་ཞུས་རྗེས་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་ཀྱིས་བདེ་ལེགས་ལུས་སྦྱོར་ཁང་གི་ཡོ་ཆས་རེ་རེ་བཞིན་ངོ་སྤྲོད་གནང་རྗེས་རྟེན་འབྲེལ་མཚོན་ཆེད་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།

དེ་རྗེས་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསར་འགོད་པས་བཅར་འདྲི་དང་ལེན་གནང་དོན། བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་། འཕྲོད་བསྟེན་ལས་ཁུངས་ཀྱི་ཚན་པའི་ལས་བྱེད་དང་ལྷན་ལུས་སྦྱོང་ཁང་ཐད་གོ་བསྡུར་དང་། ས་གནས་ཀྱི་དགོས་མཁོ་བཞིན་བཞུགས་སྒར་དུ་དེ་རིང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་མཐུན་འགྱུར་འོག་བདེ་ལེགས་ལུས་སྦྱོང་ཁང་ལེགས་པར་གྲུབ་ཡོད། ལུས་སྦྱོང་ཁང་འདིའི་ནང་ཡོ་ཆས་གང་མང་མང་ཞིག་གྲ་སྒྲིག་གནང་བར་ཡི་རངས་བསྔགས་བརྗོད་དང་སྒེར་གྱི་ངོས་ནས་དགའ་པོ་བྱུང་སོང་།

གཞི་རྩའི་དུས་རྒྱུན་དུ་སྨན་པས་སྨན་ཁང་ལ་བསྟེན་གཏུག་བྱས་ནས་ནད་བཅོས་རྒྱུ་དེ་བརྒྱ་ཆ་བཅུ་ཙམ་ཆགས་ཀྱི་ཡོད། དེ་ལས་སོ་སོར་འཕྲོད་པ་ཞིག་བསྟེན་ནས་ཉིན་རེའི་མི་ཚེ་སྐྱེལ་སྟངས་དང་། ལྷག་པར་ཟས་བཅུད་ལྡན་པ་ལོངས་སུ་སྤྱོད་པའི་ཐོག་ནས་ལུས་སྦྱོང་བྱས་ན་ལུས་ལ་ན་ཚ་ཉུང་དུ་འགྲོ་བར་ཕན་རླབས་ཆེན་པོ་ཡོང་གི་ཡོད། སྔོན་འགོག་གི་ལམ་ནས་བརྒྱ་ཆ་བཞི་བཅུ་ལུས་པོའི་འཕྲོད་བསྟེན་གྱི་དཀའ་ངལ་རྣམས་བཅོས་ཐབས་བྱེད་བཞིན་ཡོད། དེ་སྔ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཕྲོད་བསྟེན་ཐོག་དུས་ནས་དུས་སུ་བཀའ་སློབ་རིམ་པར་ཕེབས་ཡོད་པ་མ་ཟད། ཡང་སྒོས་ཕྱི་ལོ་ ༢༠༡༦ ལོའི་ནང་མགོན་པོ་གང་ཉིད་མཆོག་གིས་བོད་པའི་སྤྱི་ཚོགས་ནང་འཕྲོད་བསྟེན་གྱི་སྔོན་འགོག་ཐད་བློ་འཚབ་ཆེན་པོའི་བཀའ་སློབ་གཏིང་ཟབ་པོ་ཞིག་ཕེབས་པའི་ཐོག་ནས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་དང་། ཕྱོགས་མཚུངས་དེའི་ཐོག་དམིགས་ནས་ཆེས་མཐོའི་ཞིབ་འཇུག་ལྷན་ཚོགས་བཙུགས་པའི་ཐོག་ནས་འཕྲོད་བསྟེན་སྔོན་འགོག་ཐོག་འཕྱར་གྲུ་མཉམ་འདེགས་ཀྱི་ལས་དོན་འདི་འགྲོ་བཞིན་ཡོད།

ད་ཆ་འཕྲོད་བསྟེན་སྔོན་འགོག་ཆེད་དུ་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་སྦེལ་ཀོབ་དང་། མོན་གྷོ། ཀོ་ལི་གྷལ་བཅས་སུ་ལུས་སྦྱོང་ཐང་ Open Gym བཙུགས་ཟིན་པ་དང་། ཧོན་སུར་རབ་རྒྱས་གླིང་དང་ཨོ་ཌི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་འདི་ལྟ་བུའི་ལས་གཞི་འགྲོ་བཞིན་ཡོད། བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་སུ་ལུས་སྦྱོང་ཐང་གྲུབ་ལ་ཉེ་བ་ཡིན། དེ་བཞིན་ལ་དྭགས་སུའང་ལུས་སྦྱོང་ཐང་གསར་བཙུགས་གནང་རྒྱུ་གཏན་འཁེལ་ཟིན་པ་རེད།  ཕྱོགས་མཚུངས་དགོན་སྡེ་ཁག་དང་ཚོགས་པ་ཁག་འདྲ་མིན་ནས་དང་བླངས་ཐོག་འཕྲོད་བསྟེན་སྔོན་འགོག་ཆེད་ལུས་སྦྱོང་ཐང་དང་ཆུ་རྐྱལ་རྒྱག་ས་སོགས་ཀྱི་ལས་གཞི་འགྲོ་བཞིན་ཡོད་སྐོར་གོ་ཐོས་བྱུང་།  འདི་ག་རྡ་སར་གནས་གཤིས་དང་ས་ཆའི་མཐུན་རྐྱེན་ཞན་པའི་དབང་གི་ལུས་སྦྱོང་ཐང་བཙུགས་ཐུབ་ཐབས་མེད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་མཐུན་འགྱུར་འོག་བདེ་ལེགས་ལུས་སྦྱོང་ཁང་འདི་བཞིན་ཐེངས་དང་པོ་ཆགས་བཞིན་ཡོད། གཞན་ཡང་འདིར་ལུས་རྩལ་དང་འབྲེལ་བའི་གཞས་སྣ་འཁྲབ་སྟོན་ Zumba སོགས་ལས་གཞི་སྣ་མང་སྤེལ་འཆར་ཡོད་འདུག  ལས་གཞི་དེ་དག་གི་དམིགས་ཡུལ་གཙོ་བོ་ནི། བོད་པའི་སྤྱི་ཚོགས་ནང་འཕྲོད་བསྟེན་གྱི་གནས་བབ་བཟང་པོ་ཞིག་བསྐྲུན་དགོས་རྒྱུ་ཡིན། ཞེས་གསུངས།

སྐབས་དེར་བདེ་ལེགས་སྨན་ཁང་གི་འགན་འཛིན་གྱིས་བདེ་ལེགས་ལུས་སྦྱོང་ཁང་དུ་འཛུལ་ཞུགས་ཐད་གསུང་དོན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས་ལས་ཁུངས་ཁག་གི་བཀའ་བློན་རྣམ་པ་དང་། ཁྲིམས་ཞིབ་པ་ཆེ་བ་མཆོག་དང་གཞན་གཉིས་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བདེ་ལེགས་སྨན་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བཅས་ཕུད་པའི་གཞན་མང་ཚོགས་ལ་ཟླ་རེ་ཧིན་སྒོར་ ༩༠༠ ཐམ་པ་དང་། ཟླ་བ་གསུམ་ལས་མང་བ་ལ་ཟླ་རེ་སྒོར་ ༨༠༠ ལོ་གཅིག་ཧྲིལ་བོར་ཡོང་ན་ཟླ་བ་གཉིས་ཕྱེད་བཅག་གིས་ཧིན་སྒོར་༨༠༠༠ ཡིན། ལུས་སྦྱོང་ཁང་གི་དུས་ཚོད་ནི་སྔ་དྲོ་ཆུ་ཚོད་ ༦ ནས་༩ བར་དང་ཕྱི་དྲོ་ཆུ་ཚོད་ ༤ ནས་ ༨ བར་ཡིན། ཞེས་གསུང་སྟེ་དབུ་འབྱེད་མཛད་སྒོ་གྲོལ་ཡོད་པ་བཅས། །

Share with your friends










Submit